མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་མཚོ་ཤར་ས་ཁུལ་གྱི་ཆུ་ལོག་གནོད་འཚེ་ལ་རྒུད་སྐྱོབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ལས་བྱེད་མི་སྣ་དག་གིས་མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས། གཞོང་ཐང་ཧེ་རིགས་རང་སྐྱོང་རྫོང་གཉིས་སུ་རྒུད་སྐྱོབ་དངོས་ཟོག་སྤྲད་དེ་ཆུ་ལོག་གི་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་བྱས་ཏེ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དེ་བཞིན་རྒྱ་གྲམ་དམར་པོ་ཚོགས་པས་ཐུགས་འཁུར་གནང་བ་མངོན་པར་བྱས།

ལོ་འདིའི་ཟླ7 པར་ཆུ་རྒྱས་པའི་དུས་སུ་སླེབས་པ་ནས་བཟུང་། རང་ཞིང་གི་མཚོ་ཤར་ས་ཁུལ་དུ་བསྟུད་མར་ས་ཁོངས་རང་བཞིན་གྱི་དྲག་ཆར་བབས་པས།  རྫོང་དང་ཆུས་དྲུག་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་པ་དང་། དེའི་ནང་ལུང་མདོ་ཆུས། གཞོང་ཐང་རྫོང་སོགས་སུ་གནོད་འཚེ་ཕོག་པ་ཚབས་ཆེ་ཤོས་རེད། ད་ལོའི་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་རྒྱ་ཁྱོན་ཆེ་ཞིང་། གནོད་འཚེ་ཕོག་ཚད་ལྕི་བ། རྒྱུན་མཐུད་དུས་ཡུན་རིང་བས། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་གྱོང་གུན་ཚབས་ཆེན་བཟོས།

གནོད་སྐྱོན་བྱུང་རྗེས། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཏང་རྩ་འཛུགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཞིང་ཆེན་དང་། གྲོང་ཁྱེར།  རྫོང་བཅས་རིམ་པ་གསུམ་ལ་རྩ་འཛུགས་བྱས་ནས་གནོད་འཚེ་ཕོགས་པའི་ས་ཁུལ་དུ་བསྐྱོད་དེ། གནོད་འཚེའི་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་དང་། གནད་དོན་གསར་པར་རྒྱུས་ལོན། འཕྲལ་མར་ ཀྲུང་གོ་རྒྱ་གྲམ་དམར་པོ་སྤྱིའི་ལྷན་ཚོགས་དང་།ཀྲུང་གོའི་རྒྱ་གྲམ་དམར་པོའི་ཐེབས་རྩ་ཚོགས་པ་སོགས་ལ་གནོད་སྐྱོན་ཐེབས་ཚུལ་ཡར་ཞུ་བྱས་རྗེས། དེ་མ་ཐག་ཉལ་གོས་དང་། རས་གུར། ཁྱིམ་ཚང་གི་དངོས་རྫས་སྒམ་སོགས་སྒོར་ཁྲི114ཡི་རྒུད་སྐྱོབ་དངོས་པོ་བླངས།

ཕྱིས་སུ།  མཚོ་སྔོན་ཞིང་ཆེན་གྱི་རྒྱ་གྲམ་དམར་པོ་ཚོགས་པས་གནོད་སྐྱོན་གནས་ཚུལ་གྱི་འགྱུར་ལྡོག་ལ་མུ་མཐུད་དོ་སྣང་བྱས་ཏེ། གེགས་སེལ་དངོས་རྫས་དེ་བས་མང་པོ་བརྩོན་ལེན་གྱིས་དུས་ཐོག་ཏུ་རོགས་རམ་ཧ་ཅང་མཁོ་བའི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ལག་ལ་སྤྲད། ཁོང་ཚོའི་དཀའ་ངལ་སེལ་ཏེ་མཛེས་ཤིང་ལྟ་ན་སྡུག་པའི་ཕ་ཡུལ་བསྐྱར་སྐྲུན་བྱ་བར་རོགས་རམ་བྱས། 

ལོ་ཙཱ་བ།རྟ་མགྲིན་དཔལ།