མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ཚོད་ལྟ་ཁང་གལ་ཆེན3གསར་འཛུགས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ9པའི་ཚེས12ཉིན་གསར་འགོད་པས་ཞིང་ཆེན་ཚན་རྩལ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་མ་ལག་འཛུགས་བསྐྲུན་བྱེད་པར་ཤུགས་སྣོན་བྱེད་པ་དང་ཚན་རྩལ་གསར་གཏོད་ནུས་ཤུགས་མཐོར་འདེགས་སུ་གཏོང་ཆེད། 《མཚོ་སྔོན་ཞིང་ཆེན་གྱི་ཚོད་ལྟ་ཁང་གལ་ཆེན་འཛུགས་བསྐྲུན་དང་བཀོལ་སྤྱོད་དོ་དམ་ཐད་ཀྱི་བྱེད་ཐབས》གཞིར་བཟུང་ནས་ཆེད་མཁས་མི་སྣའི་ཚད་ལེན་ཞིབ་བཤེར་བསམ་འཆར་གཞིར་བཟུང་སྟེ་ཞིབ་འཇུག་བྱས་པ་བརྒྱུད། རང་ཞིང་གིས2018ལོར་ཞིང་ཆེན་རིམ་པའི་ཚོད་ལྟ་ཁང3འཛུགས་བསྐྲུན་བྱེད་པར་ཆོག་མཆན་ཐོབ་པ་རེད།

ཞིང་ཆེན་རིམ་པའི་ཚོད་ལྟ་ཁང་གལ་ཆེན3སོ་སོར་མཚོ་སྔོན་ཞིང་ཆེན་དབྱི་ཡན་ཆི་ཐོན་ཁུངས་ཀྱི་གཙོ་གནས་ཚོད་ལྟ་ཁང་སྟེ། གཞི་རྟེན་ལས་ཁུངས་ནི་མཚོ་སྔོན་ཞིང་ཆེན་ས་རྒྱུ་གཏེར་ལས་ཐོན་རྫས་ཞིབ་དཔྱོད་ཁང་བཞི་བ། མཚོ་སྔོན་ཞིང་ཆེན་ནུས་ཁུངས་གསར་བའི་རྒྱུ་ཆ་དང་ལག་རྩལ་གལ་ཆེན་གྱི་ཚོད་ལྟ་ཁང་། གཞི་རྟེན་ལས་ཁུངས་ནི་མཚོ་སྔོན་ཞིང་ཆེན་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་ཟི། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་ཚད་ལེན་དང་དཔྱད་འཇོག་གལ་ཆེན་གྱི་ཚོད་ལྟ་ཁང་། གཞི་རྟེན་ལས་ཁུངས་ནི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་རྒྱང་བསྐྱེད་ལྟ་སྐུལ་ཚད་ལེན་ལྟེ་གནས།

 《མཚོ་སྔོན་ཞིང་ཆེན་གྱི་ཚོད་ལྟ་ཁང་གལ་ཆེན་འཛུགས་བསྐྲུན་དང་བཀོལ་སྤྱོད་དོ་དམ་ཐད་ཀྱི་བྱེད་ཐབས》གཞིར་བཟུང་ནས་གསར་འཛུགས་བྱེད་རྒྱུའི་ཞིང་ཆེན་རིམ་པའི་ཚོད་ལྟ་ཁང་དེས་རང་ཞིང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་འབེན་གཞིར་བཟུང་སྟེ་བསླབ་ཚན་ཁྱབ་ཁོངས་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར། རྨང་གཞི་དང་བེད་སྤྱོད་དེ་གསར་གཏོད་རང་བཞིན་གྱི་ཞིབ་འཇུག་བྱ་ཡུལ་དུ་བཟུང་ནས་ཆེས་ཐོག་མའི་གསར་གཏོད་གྲུབ་འབྲས་དང་རང་བདག་ཤེས་བྱའི་ཐོན་དབང་ལེན་དགོས། དེ་ཡང་འབྲེལ་ཡོད་རིག་ཚན་གྱི་ཁྱབ་ཁོངས་དང་ལས་རིགས་འཕེལ་རྒྱས་ཀྱི་གཞུང་ལུགས་མཁོ་སྤྲོད་གཞིར་བཟུང་སྟེ་ལག་རྩལ་གྱི་རྒྱབ་སྐྱོར་འོག་ཚན་རིག་ཞིབ་འཇུག་གི་ཁོར་ཡུག་དང་ཚོད་ལྟའི་ཆ་རྐྱེན་ལེགས་པོ་གསར་གཏོད་བྱས་ཏེ་རྒྱུ་སྤུས་ཀྱི་ཚད་གཞི་མཐོར་འདེགས་སུ་བཏང་ཞིང་ཚན་རྩལ་ཤེས་ལྡན་མི་སྣ། རིག་གཞུང་སྣེ་ཁྲིད་པ་བཅས་གསོ་སྦྱོང་བྱས་ཏེ། ཆེད་ལས་ཤེས་བྱ་འཛུགས་བསྐྲུན་དང་ལོ་ཚད་སྒྲིག་གཞིར་ཟུང་འབྲེལ་གྱིས་ཚན་རྩལ་གསར་གཏོད་ནུས་ཤུགས་ལྡན་པའི་རིམ་པ་མཐོ་བའི་ཚན་རིག་ཞིབ་འཇུག་ཐད་ཀྱི་རུ་དཔུང་འཛུགས་བསྐྲུན་བྱེད་དགོས། དེ་དང་ཆབས་ཅིག་ཤེས་ལྡན་མི་སྣ་སྐྱེད་བསྲིངས་བྱས་ཏེ་ཚན་རྩལ་ཞིབ་འཇུག་གི་ཆ་རྐྱེན་ལ་བཅོས་སྒྱུར་གང་ལེགས་བྱས་ནས་ཚན་རྩལ་ཆུ་ཚད་དང་ཚན་རྩལ་གསར་གཏོད་ནུས་པ་མུ་མཐུད་དུ་མཐོར་འདེགས་སུ་བཏང་སྟེ། རང་ཞིང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ལ་རྒྱབ་རྟེན་གྱི་ཕན་ནུས་ཐོན་དུ་འཇུག་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།