མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ལས་ཤོར་འགན་སྲུང་བྱ་བར་རྟོག་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་རྟོག་ཞིབ་ཚན་ཆུང་རྩ་འཛུགས་བྱས་ཏེ། མཚོ་ཤར་དང་མཚོ་བྱང་།  མགོ་ལོག  མཚོ་ལྷོ་བཅས་སུ་སོང་ནས་ལས་ཤོར་འགན་སྲུང་བྱ་བར་རྟོག་ཞིབ་བྱས་པ།

ཐེངས་འདིའི་རྟོག་ཞིབ་ལས་དོན་ཁྲོད། གཙོ་བོ་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་འགན་སྲུང་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་དམིགས་ནས། འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ལག་བསྟར་དང་། ལས་སྒོའི་གཉེར་སྒྲུབ། རྨང་གཞིའི་གཞི་གྲངས་ཆ་ཚང་། དངུལ་རྩའི་བདེ་འཇགས་འཁོར་སྐྱོད་དོན་འཁྱོལ་བྱེད་པ། ཆ་འཕྲིན་ཅན་གྱི་བེད་སྤྱོད་གནས་ཚུལ་བཅས་ཀྱི་ཐད་ནས་ལྟ་སྐུལ་མཛུབ་སྟོན་བྱས། དེ་དང་ཆབས་ཅིག རང་ཞིང་གི་ལས་ཤོར་འགན་སྲུང་སྲོལ་ཡིག་དང་འབྲེལ་ཡོད་སྲིད་ཇུས་བསམ་འཆར་ལ་བཟོ་བཅོས་བྱས་པའི་ཐད་ཀྱི་གྲོས་གཞི་ལ་ཉན་ནས། དབུལ་སྐྱོར་འགག་སྒྲོལ་སྲིད་ཇུས་དོན་འཁྱོལ་བྱས་པའི་ཕན་འབྲས་ཐད་ནས་རྟོག་ཞིབ་གསལ་པོ་བྱས།

རྟོག་ཞིབ་ཚན་ཆུང་གིས་བཞུགས་མོལ་ཚོགས་འདུ་བརྒྱུད་དེ། གྲོང་ཁྱེར་དང་ཁུལ་རྫོང་བཅས་ཀྱི་འགན་འཁུར་བློ་མཐུན་དང་གྲོས་མོལ་བྱས་པ་དང་། ལས་དོན་སྤེལ་བའི་གནས་ཚུལ་དང་གནད་དོན་ལ་རྒྱུས་ལོན་གསལ་པོ་བྱས་པ་མ་ཟད། ནན་གྱིས་བྱ་བའི་ཐད་བཏོན་པའི་བསམ་འཆར་ལ་ཉན། བྱ་བའི་རྩིས་ཁྲ་དང་ནོར་སྲིད་རྒྱུ་ཆ།དེ་མིན་མ་ལག་གཞི་གྲངས་སོགས་ལ་ཞིབ་བཤེར་བྱས་པ་བརྒྱུད་དེ། དོན་དངོས་གནས་ཚུལ་ལ་ཚོད་འཛིན་གང་ལེགས་བྱས་ཤིང་། གནས་པའི་གནད་དོན་དག་དུས་ཐོག་ཏུ་བཅོས་སྒྲིག་བྱེད་པའི་ཐབས་ལམ་བཏོན།  ཙི་ཅིན་གཏེར་ལས་སོགས་ཁེ་ལས་སུ་སོང་ནས་ལས་ཤོར་འགན་སྲུང་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་།   ཡུལ་དངོས་ནས་སྲིད་ཇུས་དྲིལ་སྒྲོག་དང་ནོར་སྲིད་འཛིན་ཡིག་ལ་ལྟ་ཀློག་བྱས་པར་མ་ཟད།  མང་ཚོགས་ཀྱི་ཆེས་སེམས་ཁུར་བྱེད་པའི་གནད་དོན་ལ་ཡུལ་དངོས་ནས་ལན་བཏབ་སྟེ་གྲོང་ཁྱེར་དང་ཁུལ་གྱི་འབྲེལ་ཡོད་མི་སྣ་དང་འགན་སྲུང་ནང་ཞུགས་པའི་ཁེ་ལས་དང་ལས་བཟོ་པ་རྣམས་ཀྱིས་སྲིད་ཇུས་ལ་རྒྱུས་ལོན་བྱེད་ཚད་སྔར་ལས་མཐོར་འདེགས་སུ་བཏང་བ་དང་།  འགན་སྲུང་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་སྲིད་ཇུས་ལག་བསྟར་རང་བཞིན་སྔར་ལས་མཐོར་འདེགས་བཏང་།

ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ལས་ཤོར་འགན་སྲུང་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་ཆ་འཕྲིན་མ་ལག་བཀོལ་སྤྱོད་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ལས་ཤོར་འགན་སྲུང་ལས་དོན་རྒྱུན་མཐུན་ངང་འཕེལ་རྒྱས་སུ་འགྲོ་བར་ནུས་ཡོད་ཀྱི་འགན་སྲུང་འདོན་སྤྲོད་བྱ་རྒྱུ་རེད།

ལོ་ཙཱ་བ། ཀླུ་མོ།