རང་ཞིང་གིས་རྩྭ་སའི་སྐྱེ་ཁམས་བཟོ་སྐྲུན་གནད་ཆེན་འཛུགས་སྐྲུན་བདེ་བླག་ངང་སྤེལ་བཞིན་ཡོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལས།གསར་འགོད་པས་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།   ད་ལོའི་བར།  རང་ཞིང་གིས་ལག་རྩལ་མཛུབ་སྟོན་ཐད་ཤུགས་སྣོན་པ་དང་འཛུགས་སྐྲུན་སྤུས་ཚད་ལ་གཟབ་ནན་གྱིས་ལྟ་ཞིབ་བྱེད་པ།  ལྟ་སྐུལ་ཞིབ་བཤེར་ཤུགས་ཚད་ཇེ་ཆེར་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ།  ཕྱུགས་སྐྱུར་རྩྭ་འདེབས་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་སྐབས་གཉིས་པ།  མདོ་ལ་རི་བོའི་སྲུང་སྐྱོབ་སོགས་ཀྱི་རྩྭ་སའི་སྐྱེ་ཁམས་བཟོ་སྐྲུན་གནད་ཆེན་བདེ་བླག་ངང་སྤེལ་ཏེ་སྔོན་དཔག་གི་དམིགས་འབེན་ལ་སླེབས་པར་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།   2018ལོར་ཕྱུགས་སྐྱུར་རྩྭ་འདེབས་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ།  མདོ་ལ་རི་བོ་སོགས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱས་ཏེ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་10.16ལྷག་བཏང་ནས།  རྩྭ་ར་སྤྱི་ཆིངས་ཁྲི7བསྐོར་བ་དང་མིས་བཟོས་གཟན་རྩྭ་ཁང་སྤྱི་ཆིངས་ཁྲི1.01ལྷག་འཛུགས་སྐྲུན་བྱས་པ། ས་ནག་ཐང་སྤྱི་ཆིངས་ཁྲི16.37ལ་བཅོས་སྐྱོང་དང་།རྩྭ་ས་ཞན་འགྱུར་ཐད་ཀྱི་ཁ་གསབ་འདེབས་འཛུགས་སྤྱི་ཆིངས་0.67།དུག་རྩྭ་སྤྱི་ཆིངས་ཁྲི་8.6འགོག་བཅོས་བྱས་པ་དང་།  ཕྱུགས་ཁང3000འཛུགས་སྐྲུན་བྱེད་པའི་ལས་འགན་བཀོད་སྒྲིག་བྱས་ཡོད་པ་རེད།

ད་ལྟའི་བར།  ཞིང་ཆེན་ཡོངས་སུ་བསྡོམས་པས་ས་ནག་ཐང་སྤྱི་ཆིངས་ཁྲི་10.25ལ་འགོག་བཅོས་དང་རྩྭ་ར་སྤྱི་ཆིངས་ཁྲི52.6བསྐོར་བ་དང་།   མིས་བཟོས་གཟན་རྩྭ་འདེབས་འཛུགས་སྤྱི་ཆིངས་ཁྲི0.96འཛུགས་སྐྲུན་བྱས་ཡོད་ལ།   ཞན་འགྱུར་རྩྭ་ས་སྤྱི་ཆིངས་ཁྲི0.67ལེགས་སྒྱུར་དང་དུག་རྩྭ་སྤྱི་ཆིངས་ཁྲི་5.6འགོག་བཅོས་བྱས་ནས།  ཕྱུགས་ཁང་2100འཛུགས་སྐྲུན་བྱས་ཡོད་པར་མ་ཟད།  སྔོན་དཔག་བྱས་པ་ལྟར་ན། ད་ལོའི་ཟླ་དགུ་བའི་ཟླ་མཇུག་བར་འཛུགས་སྐྲུན་ལས་འགན་ཚང་མ་ཡོངས་འགྲུབ་བྱེད་ཐུབ་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།