མཚོ་ལྷོ་མང་རྫོང་གི་དམངས་འཐུས་ཚོགས་ཆེན་རྒྱལ་ཁའི་ངང་བསྡུས་པ།

ཟླ9པའི་ཚེས11ཉིན་གྱི་ཕྱི་དྲོར།མཚོ་ལྷོ་མང་རྫོང་གིས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་དྲུག་པའི་ཚང་འཇོམས་གྲོས་ཚོགས་ཐེངས་བཞི་བའི་གྲོས་རིམ་ཡོད་ཚད་ལ་ལེགས་འགྲུབ་བྱུང་བ་དང་རྒྱལ་ཁའི་ངང་མཇུག་སྒྲིལ་པ་རེད།

ཚོགས་ཆེན་ལ་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཡུའུ་ཡུང་པིའོ་ཡིས་མགོ་འཛིན་བྱས་པ་དང་། ལས་འཛིན་ཀྲུའུ་ཞི་ཆོས་དཔལ་འབྱོར་དང་ཚེ་ཁོ་སྐྱིད། ལི་ཧྥ་ཝང་། འབྲུག་འབུལ་རྒྱལ། ཚེ་རིང་སྐྱིད། དར་མཚོ་རྒྱལ། སུན་ཡེའོ་མའེ་བཅས་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད། རྫོང་ཡོངས་ཀྱི་ཤང་དང་གྲོང་བརྡལ་དག་ནས་འོངས་བའི་འཐུས་མི117ཐེངས་འདིའི་གྲོས་ཚོགས་ལ་ཞུགས།ཀྲུའུ་ཞི་སྟེགས་བུའི་སྟེང་ད་དུང་རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་སྲིད་གྲོས། རྫོང་ཁྲིམས་ཁང་། རྫོང་ཞིབ་དཔྱོད་ཁང་སོགས་ཀྱི་རྫོང་དཔོན་གཞོན་པ་བཅས་རིམ་པ་ལྟར་དུ་འགོ་ཁྲིད་འདུག་སྟེགས་སུ་བཞུགས་ཡོད། ཞིང་ཆེན་གྱི་དམངས་ཆེན་འཐུས་མི་དང་རྫོང་ཨུའི་ལས་ཁུངས།   རྫོང་སྲིད་གཞུང་གི་ལས་ཁུངས།   ཡུལ་སྡོད་དམག་དཔུང་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བ། ཞིང་ཆེན་དང་ཁུལ་གྱི་རྫོང་སྡོད་ལས་ཁུངས་སོ་སོའི་འགོ་ཁྲིད་སོགས་མི་གྲངས40གྲོས་ཚོགས་ལ་ཞུགས།

ཐེངས་འདིའི་ཚང་འཛོམས་ཚོགས་འདུས་གྲོས་རིམ་བཀོད་སྒྲིག་ལྟར་གྲོས་ཚོགས་ཀྱིས་འདེམས་བསྐོའི་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ལ།མིང་མི་འགོད་པར་འདེམས་ཤོག་འཕེན་པའི་ཐབས་ཀྱིས་བློ་མཐུན་ཐོགས་མེད་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པར་འདེམས་བསྐོ་བྱས།བློ་མཐུན་ཀྲའོ་ཀྲན་ཡོན་དང་ཧའེ་མའེ་གཉིས་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ལ་འདེམས་བསྐོ་བྱས། ཚོགས་འདུའི་མཇུག་མཐར།གསར་དུ་འདེམས་ཐོན་བྱུང་བའི་བློ་མཐུན་དག་གིས་རྩ་ཁྲིམས་དམ་བཅའ་བཞག

ལོ་ཙཱ་བ། ལྷ་དཔལ་སྐྱབས།