མཚོ་སྔོན་གྱིས“བཟོད་སྒོམ་གཏན་མེད”ཀྱི་བྱེད་ཐབས་སྤྱད་ནས་ཡུལ་སྐོར་འགྲུལ་སྐྱེལ་ཁྲོམ་རའི་བདེ་འཇགས་འཁོར་རྒྱུག་ལ་སྟངས་འཛིན་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། རང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་འགྲུལ་སྐྱེལ་ཁྲོམ་རའི་བདེ་འཇགས་འཁོར་རྒྱུག་བྱ་བའི་གྲོས་ཚོགས་བསྡུས་ཏེ།  རང་ཞིང་གི་ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་རླངས་འཁོར་ཀུང་ཟི་སོ་སོར་རང་རེའི་ལས་ཁུངས་ཀྱིས་བདེ་འཇགས་ཐོན་སྐྱེད་སྒྲིག་ལམ་དང་བདེ་འཇགས་སློབ་གསོ་གསོ་སྦྱོང་།  བདེ་འཇགས་གནད་དོན་རྩད་ཞིབ་བཅོས་སྐྱོང་། འཕྲལ་བསྟུན་རོགས་སྐྱོབ་སོགས་ཀྱི་ཕྱོགས་ནས་རང་བཤེར་རང་བཅོས་བྱ་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་ལས་བསྟན་དོན།   ཡུལ་སྐོར་རླངས་འཁོར་ཀུང་ཟི་སོ་སོས་སྒེར་འཁོར་དང་ཀུང་ཟིའི་རླངས་འཁོར་གྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་དང་། ཡུལ་སྐོར་ལས་དོན་ཁང་ཁེ་ལས་སོ་སོས་ཐོན་ཁུངས་གླ་གཏོང་བྱེད་པ་དང་ཞིབ་བཤེར་ཚད་མཐུན་ཡིན་པའི་ཡུལ་སྐོར་རླངས་འཁོར་ལ།  ཡུལ་སྐོར་ལས་དོན་ཁང་གི་འགན་འཁྲིའི་ཉེན་སྲུང་དང་བསམ་ཡུལ་ལས་འདས་པའི་ཉེན་འགོག་འགན་ལེན་ཉོ་སྒྲུབ་དང་། ཡུལ་སྐོར་སྣེ་ཤན་པ་དང་རླངས་འཁོར་ཁ་ལོ་བའི་བདེ་འཇགས་སློབ་གསོའི་གསོ་སྦྱོང་དང་འཕྲལ་བསྟུན་སྦྱོང་བརྡར་ལ་ཤུགས་བསྣན་ཏེ།   ཡུལ་སྐོར་པའི་ཐོག་མཐའ་བར་གསུམ་གྱི་ཡུལ་སྐོར་བདེ་འཇགས་རོགས་སྐྱོབ་ཤེས་བྱ་དང་དཔལ་ཡོན་ཡུལ་སྐོར་ཤེས་བྱའི་སློབ་གསོར་གསལ་བརྡ་གཏོང་བའི་དོན་བཟང་དང་།   ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་རླངས་འཁོར་ཀུང་ཟི་ཆེ་མ་ཆུང་གསུམ་སོ་སོས་ཚད་ལྡན་ཚོང་གཉེར་དང་ཡིད་རྟོན་ཚོང་གཉེར་བྱ་དགོས་ལ། “ལག་རྟགས་མེད་པའི་རླངས་འཁོར”དང“ལག་རྟགས་མེད་པའི་ཚོང་ཁང”། “ལག་རྟགས་མེད་པའི་ཡུལ་སྐོར་སྣེ་ཤན་པ”རང་རྟོགས་ཀྱིས་བཀག་འགོག་བྱས་ཏེ་གནད་དོན་རྙེད་ཚེ་དུས་ལྟར་ཞུ་གཏུགས་སྒོས།   འབྲེལ་ཡོད་སྡེ་ཁག་སོ་སོས་ཁྲིམས་འགལ་སྒྲིག་འགལ་གྱི་ཚོང་གཉེར་བྱ་སྤྱོད་ལ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

སླད་ཕྱིན། རང་ཞིང་གིས་ཡུལ་སྐོར་ཁྲོམ་ར་དང་ཡུལ་སྐོར་བདེ་འཇགས་ཀྱི་ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་དང་མཉམ་འབྲེལ་ཁྲིམས་བསྟར་ཞིབ་བཤེར་གྱི་བྱ་བའི་ཚད་ལ་མུ་མཐུད་དུ་ཤུགས་བསྣན་ཏེ།  ཡུལ་སྐོར་ཁྲོམ་རའི་བྱ་སྤྱོད་ལ་ཚད་ལྡན་གྱིས་བཅོས་སྐྱོང་དང་།  ཡུལ་སྐོར་ཁེ་ལས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ“བཟོད་སྒོམ་གཏན་མེད”ཀྱི་བྱེད་ཐབས་སྤྱད་ནས།  དོ་དམ་ནན་མོ་དང་ཐག་གཅོད་ནན་མོའི་སྒོ་ནས་སྟོབས་ཤུགས་ལྡན་པའི་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱིས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་སྤུས་ལེགས་ཀྱིས་གོང་འཕེལ་ཡོང་བར་རོགས་སྐུལ་བྱ་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།