མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བདུན་པའི་ལུས་རྩལ་འགྲན་ཚོགས་དང་སྐབས་གཉིས་པའི་དམངས་ཡོངས་ཀྱི་ལུས་ཕུང་བདེ་སྲུང་ཚོགས་ཆེན་གཟབ་རྒྱས་ངང་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ9པའི་ཚེས8ཉིན་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བདུན་པའི་ལུས་རྩལ་འགྲན་ཚོགས་དང་སྐབས་གཉིས་པའི་རྒྱལ་དམངས་བདེ་ཐང་ཚོགས་ཆེན་དེ་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་གི་དམངས་ཡོངས་ཀྱི་ལུས་ཕུང་བདེ་སྲུང་ལྟེ་གནས་ཀྱི་ལུས་རྩལ་ཐང་ཆེན་དུ་གཟབ་རྒྱས་ངང་འགོ་ཚུགས་མཛད་སྒོ་སྤེལ།

འགོ་ཚུགས་རྣམ་པའི་ཡུལ་དངོས་འདྲ་པར།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་ཡི་སྟེང་། རྒྱལ་དར་འཛིན་མཁན་དམག་མི8ཀྱིས་ཧ་ཅང་གཟབ་ནན་ངང་སྐར་ལྔའི་དར་དམར་གྱི་ཟུར་བཞི་ནས་བཟུང་སྟེ་ཚོགས་ར་ལ་གོམ་ཁ་བསྒྱུར་བ་དང་སྲ་བརྟན་གྱི་རྡོག་སྒྲ་དང་ངར་ཤུགས་ཀྱི་བློ་སྤོབས་ཀྱིས་ཁེངས་འདུག དམར་དམངས་ཀྱི་སྐར་ལྔའི་དར་དམར་གྱི་སྣེ་ཁྲིད་འོག་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་ཀྱི་དར་ཆ་ཡང་ཚོགས་རར་སླེབས་བྱུང་། དེའི་འཕྲོར་འཐུས་ཚབ་ཚོགས་པ་དག་གི་འཐུས་མི་དག་གིས་དཔའ་སྤོབས་ངང་མགོ་བོ་ཡར་དགྱེ་ནས་སྔ་གཞུག་ཏུ་ཚོགས་རའི་ནང་སླེབས། དེ་ཡང་རྒྱལ་གླུ་དང་མཉམ་པོར་སྐར་ལྔའི་དར་དམར་ཡང་རིམ་གྱིས་ཡར་སྒྲེང་བྱུང་།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བདུན་པའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པ་དང་སྐབས་གཉིས་པའི་དམངས་ཡོངས་ཀྱི་ལུས་ཕུང་བདེ་སྲུང་ཚོགས་ཆེན་དངོས་སུ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་གི་འཐུས་ཚབ་ལིག་ཉིན་གྱིས་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞིས་མེན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་དྲུང་ཡིག་གཙོ་བོ་དབྱི་ཚོན་ལི་གྲོས་ཚོགས་ལ་ཞུགས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་དང་མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ནོ་ཁྲིན་ཡོན་གྱིས་ཤིས་ཚིག་ཕུལ། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲོན་གྱིས་མདོ་འཛིན་བྱས་པ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏོའུ་ཏི་ཀྲི། ཞིང་ཆེན་དམག་ཁུལ་གྱི་བཀའ་འཛིན་གཞོན་པ་ཁྲིན་ཧྲེ་ཆོན་ཚོགས་འདུར་ཞུགས།

ལིག་ཉིན་གྱིས་ཤིས་ཚིག་ཁྲོད་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ་འགྲན་ཞུགས་མི་སྣ་དག་དང་འགྲན་སྡུར་རིགས་སོ་སོའི་བྱ་བ་སྒྲུབ་མཁན་གྱི་མི་སྣ། སྤྱི་ཚོགས་ལས་རིགས་སོ་སོའི་སྟེང་ནས་ཕེབས་པའི་སྐུ་མགྲོན་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་བྱས་པ། དེ་མིན་མཚོ་སྔོན་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཐད་ལ་རྒྱབ་སྐྱོར་དང་དོ་ཁུར་གནང་མྱོང་བའི་གྲོགས་པོ་དག་ལ་ཡང་སེམས་བསམ་པའི་གཏིང་ནས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་ནས་བཟུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བདེ་ཐང་ཅན་གྱི་ཀྲུང་གོ་དང་རྒྱལ་ཁབ་ཀྱི་དམངས་ཡོངས་ལུས་ཕུང་བདེ་སྲུང་ཐབས་ཇུས་ལག་ལེན་དངོས་འབབ་བྱས་ཤིང་ལུས་རྩལ་བྱ་གཞག་དེ་བདེ་ཐང་བྱ་གཞག་དང་དམངས་ཚིས་དོན་དངོས། བདེ་སྐྱིད་བཟོ་སྐྲུན་བཅས་ལ་གཏན་ཁེལ་གྱིས《“བདེ་ཐང་མཚོ་སྔོན་གྱི2030ལོའི”བར་གྱི་བྱ་འགུལ་འཆར་གཞི》ཞེས་པ་དེ་གཏན་ཁེལ་བྱས་ནས་པར་སྐྲུན་དང་དམངས་ཡོངས་ཀྱི་ལུས་ཕུང་བདེ་སྲུང་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ། དམངས་ཡོངས་ཀྱི་ལུས་ཕུང་བདེ་སྲུང་སྒྲིག་གཞི་གསར་གཏོད་ཀྱིས་དམངས་ཡོངས་ཀྱི་ལུས་ཕུང་བདེ་སྲུང་བྱ་བའི་སྤྱི་གཞུང་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་ལུས་རྩལ་ཁང་ཆེན་མོ་སྤྱི་ཚོགས་སྟེང་རིན་མེད་དང་རིན་དམའ་བའི་སྒོ་ནས་ཕྱི་ཕྱོགས་སུ་སྒོ་ཕྱེས་པ་མངོན་འགྱུར་བྱུང་། དེ་མིན་རྫོང་དང་ཆུས། ཤང་དང་གྲོང་བརྡལ། སྡེ་བ། གཞིས་ཁུལ་ཆུང་ཆུང་། དགོན་པ་བཅས་ལ་ལུས་སྦྱོངས་བདེ་ཐང་ར་བས་ཡོངས་སུ་ཁེབས་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་ལུས་ཕུང་སྤུས་ཚད་དང་བདེ་ཐང་གཞི་རྒྱུ་དེ་མུ་མཐུད་དུ་མཐོར་འདེགས་སུ་བཏང་ནས་བསམ་པའི་རིག་གནས་ཀྱི་འཚོ་བ་དེ་ཉིན་རེ་ལས་ཉིན་རེར་ཕུན་སུམ་ཚོགས་པར་བཏང་ནས་བདེ་ཐང་སྔོན་དཔག་གི་དུས་ཡུན་སྔར་ལས་ཇེ་བརྟན་དང་སྔར་ལས་འཕེལ་རྒྱས་སུ་བཏང་།

  ལིག་ཉིན་གྱིས་བཤད་རྒྱུར། ཞིང་ཆེན་ལུས་རྩལ་འགྲན་ཚོགས་དང་དམངས་ཡོངས་ཀྱི་ལུས་ཕུང་བདེ་སྲུང་ཚོགས་ཆེན་ནི་ཞིང་ཆེན་ཡོངས་ཀྱི་ལུས་རྩལ་འཕེལ་རྒྱས་ཆུ་ཚད་ཀྱི་སྤྱི་ཁྱབ་གཟིགས་ཞིབ་ཆེན་མོ་ཞིག་སྟེ། ཞིང་ཆེན་ཡོངས་ཀྱི་ལུས་རྩལ་བདེ་ཐང་མུར་འཕེལ་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་འཁྲབ་སྟོན་ཡུལ་དངོས་ཤིག་ཀྱང་ཡིན། དེ་བས་འགྲན་ཞུགས་མི་སྣ་དག་དང་བྱ་བ་སྒྲུབ་མཁན་དག་གིས་ཀྲུང་ཧྭའི་ལུས་རྩལ་གྱི་དགོངས་དོན་དང་ལུས་རྩལ་གྱི་ཀུན་སྤྱོད་དར་སྤེལ་བཏང་སྟེ་ཨོ་རྩལ་གྱི་སྙིང་སྟོབས་མཐོར་འདེགས་ཀྱིས་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་མཚོ་སྔོན་ལ་བྱས་རྗེས་འཇོག་པའི་དབྱངས་རྟ་མཉམ་བཀྲོལ་གྱིས་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་དེ་སྔར་ལས་ངོ་མཚར་ལྡན་པ་དང་ལུས་རྩལ་གྱི་འཁྲབ་སྟོན་གཟབ་རྒྱས་ངང་བསྡུས་ནས་བདེ་ཐང་ཅན་གྱི་དམངས་ཡོངས་ལ་ཕན་པའི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་བསྡུ་དགོས་ཟེར། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་མཛུབ་སྟོན་དུ་བཟུང་ནས་ལྔ་བཞིའི་འཐབ་ཇུས། “སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་གཅིག་བསྡུས་ཀྱིས་ལག་བསྟར་བྱས་ཏེ། ཤུགས་ཆེན་པོའི་སྒོ་ནས་མཚོ་སྔོན་གསར་པའི་སྙིང་སྟོབས་དར་སྤེལ་བཏང་བ་བཅས་ནི། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་འཚོག་པའི་གོ་སྐབས་སུ་བཟུང་ནས་མང་ཚོགས་ཀྱི་ལུས་རྩལ་ལ་སྐུལ་འདེད་བྱེད་པར་གཅིག་གྱུར་བྱས་ཏེ། ལུས་རྩལ་འགྲན་སྡུར་དང་ལུས་རྩལ་ཐོན་ལས་ཀྱི་སྙོམས་སྒྲིག་བྱ་བ་འཕེལ་རྒྱས་སུ་གཏོང་དགོས་ཟེར། དེ་མིན་མཚོ་སྔོན་དེ་ལུས་རྩལ་ཐད་ཀྱི་ཞིང་ཆེན་སྟོབས་ལྡན་ལ་འགྱུར་བར་ཤུགས་སྣོན་བྱས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་དང་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་བསྐྲུན་བྱེད་པར་བདེ་ཐང་གི་རྨང་གཞི་བརྟན་པོ་ཞིག་གཏིང་དགོས་ཟེར།

འགོ་ཚུགས་མཛད་སྒོའི་སྟེང་ཚོགས་ར་ཡོངས་ཀྱི་ལྟད་མོ་པ་དག་གིས་རྣམ་པ་མི་འདྲ་ཞིང་བྱེ་བྲག་གི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་ལ་རོལ་མྱོང་བྱས་ཤིང་། འཁྲབ་སྟོན་དེ་དག་ནི་སོ་སོར《ཁུ་ནུ་རི་བོའི་རླུང》དང《མཐོ་སྒང་གི་དུས་ཆེན།》《འཆམ་མཐུན་གྱི་དབྱངས་རྟ།》《མཛེས་སྡུག་གི་མཚོ་སྔོན།》《མེས་པོ་ལ་བསྟོད་གླུ་འབུལ་བ》བཅས་ལེ་ཚན་ཆེན་པོ་ལྔ་རུ་བཀར་ཡོད། རིམ་པ་མི་འདྲ་བའི་ལེ་ཚན་དག་གིས་ཚོགས་རའི་ཡུལ་དངོས་སུ་དགའ་སྤྲོའི་མཐོ་རླབས་འཕྱུར་བར་བྱས་ཤིང་ཡུལ་དངོས་ཀྱི་ལྟད་མོ་པ་དག་གིས“ཞིང་ཆེན་ལུས་རྩལ་གྱིས་དམངས་ལ་ཁེ་ཕན་བསྐྲུན་པ་དང་བདེ་ཐང་གི་མཚོ་སྔོན”ཞེས་པའི་ངར་ཤུགས་དང་སྤྲོ་སྐྱིད་དེ་དངོས་སུ་ཉམས་སུ་མྱང་བ་རེད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། ཐེངས་འདིའི་ཞིང་ཆེན་ལུས་རྩལ་འགྲན་སྡུར་གྱི་རྣམ་གྲངས་ནི་འགྲན་སྡུར་རྣམ་གྲངས་དང་མང་ཚོགས་ཀྱི་རྣམ་གྲངས་ཐུན་མོང་གིས་གྲུབ་པ་དང་ལས་བཟོ་པའི་ལུས་རྩལ་དང་མི་རིགས་སྲོལ་རྒྱུན་ལུས་རྩལ། ཞིང་འབྲོག་ལུས་རྩལ། ན་གཞོན་ལུས་རྩལ། རྒན་པའི་ལུས་རྩལ། དབང་པོ་སྐྱོན་ཅན་གྱི་ལུས་རྩལ། དམངས་ཡོངས་ཀྱི་ལུས་སྦྱོངས་བདེ་ཐང་བྱ་འགུལ་བཅས་རྣམ་གྲངས་མི་འདྲ་བ་ཆེན་པོ44དང་རྣམ་གྲངས་ཆུང་ངུ1289ལྷག་ཉིན150ལ་སྤེལ་རྒྱུ་ཡིན་པ་རེད། ནང་སྒོས་སུ་མང་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་ལ་འགྲན་སྡུར་གྱི་སྒྲིག་སྲོལ་དང་འདྲ་མཉམ་གྱི་ཚད་གཞི། འདྲ་མཉམ་གྱི་ཞབས་ཞུ་བཅས་ཀྱི་འགྲན་སྡུར་ལས་དོན་ཐད་ལ་འགན་སྲུང་བྱས་ཤིང་འགྲན་ཡུལ་མི་འདྲ་བ་ཆིག་སྟོང་ལྷག་གཏན་ཁེལ་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།