མཚོ་སྔོན“ཟི་ལིང་ཆེན་མོ”སྐད་པ་འཆར་འགོད་ལག་བསྟར་བྱས་ལུགས་ཀྱི་བཤད་ཡམས་ཡོ་བསྲང་།


ཟླ9བའི་ཚེས6ཉིན་མི་དམངས་དྲ་བས་ཟི་ལིང་ནས་སྤེལ་བའི་འཕྲིན། ཟླ9བའི་ཚེས5ཉིན་ལ། སྨྱན་བྱད་དྲ་ཚིགས་མང་པོ་ཞིག་གིས་མཚོ་སྔོན་གྱིས་ཟི་ལིང་ཆེན་པོ་བསྐྲུན་པའི་འཆར་འགོད་བཟོས་ནས་མཚོ་ཤར་གྲོང་ཁྱེར་གྱི་ཆུས་གཅིག་དང་རྫོང་གཅིག་ཁྱབ་ཁོངས་སུ་ལེན་རྒྱུ་དང་། ཙོང་ཁ་རྫོང་ཆུས་སུ་གཏང་རྒྱུ་ཞེས་གནས་ཚུལ་སྤེལ་བའི་འབྲེལ་ཡོད་ཆ་འཕྲིན་བརྒྱུད་བསྐུར་བྱས་འདུག་ལ། དེར་མཚོ་སྔོན་དམངས་སྲིད་ཆ་འཕྲིན་དྲ་བས་གནས་ཚུལ་དེ་བཤད་ཡམས་རེད་ཅེས་ཡོ་བསྲང་བྱས་པ་དང་ཆབས་ཅིག་ཏུ།   མཚོ་སྔོན་གྱི་ཟི་ལིང་ཆེན་མོ་ཞེས་པའི་འཆར་འགོད་དེ་ད་དུང་ལག་བསྟར་བྱས་མེད་པ་གསལ་འདེབས་བྱས་འདུག

མཚོ་སྔོན་དམངས་སྲིད་ཆ་འཕྲིན་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན།   མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཐོག་ཏུ།  “སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་བརྒྱབ་ཡོད་ཅིང་། དེའི་ནང་དུ་བདེ་སྡོད་ལས་བརྩོན་ལ་འཚམ་པའི“ཟི་ལིང་ཆེན་པོ”བསྐྲུན་པའི་འཆར་སྒོ་ཞིག་བཏོན་ཡོད་ན་ཡང་།  དྲ་ཐོག་གི་འབྲེལ་ཡོད་ཆ་འཕྲིན་དེ་ནི་ཐོག་མའི་འཆར་སྒོ་དེ་ཙམ་ལས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ལག་ལེན་དངོས་སུ་བསྟར་མེད་ལ།  རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་ཡི་ཁས་ལེན་དང་ཆོག་མཆན་དེ་ལས་ཀྱང་བཀོད་མེད་པས། སྤྱི་ཚོགས་ལས་རིགས་ཁག་གིས་དྲ་ཐོག་གི་ཆ་འཕྲིན་དོན་དངོས་མ་ཡིན་པ་དེ་རིགས་ལ་ཡིད་གཏད་དང་དེ་བཞིན་བརྒྱུད་བསྐུར་མི་བྱེད་རོགས།

ལོ་ཙཱ་བ། ཁོན་ཐར་འཚོ།