སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས་ལས་བརྩོན་སློབ་རོགས་ཀྱི་རྩ་དོན་ཐོག་ནས་ཟླ་རེར་སློབ་མའི་ལས་ཀའི་དུས་ཡུན་ཆུ་ཚོད40ལས་བརྒལ་མི་རུང་བའི་བླང་བྱ་བཏོན་ཡོད་པ།

ཉེ་ལམ་སློབ་གསོ་པུའུ་དང་། ནོར་སྲིད་པུའུ་ཡིས་བཟོ་བཅོས་བརྒྱབ་ཟིན་པའི《མཐོ་རིམ་སློབ་གྲྭའི་སློབ་མའི་ལས་བརྩོན་སློབ་རོགས་དོ་དམ་བྱེད་ཐབས(2018ལོར་བཟོ་བཅོས་བྱས་པ)》(གཤམ་དུ་བསྡུས་མིང་ལ《བྱེད་ཐབས》ཞེས་འགོད་རྒྱུ)འགྲེམས་སྤེལ་བྱས་ཤིང་། 《བྱེད་ཐབས》ནང་།  ལས་བརྩོན་སློབ་རོགས་ཀྱི་ལས་གནས་སུ་བཀོད་སྒྲིག་རྒྱག་དུས། ཐོག་མར་ངེས་པར་དུ་ཁྱིམ་ཚང་དཀའ་ངལ་ཅན་གྱི་སློབ་མར་བསམ་བློ་གཏང་དགོས་པ་དང་། དེའི་ལས་ལ་ཞུགས་པའི་སློབ་མར་རྩ་དོན་ཐོག་ནས་གཟའ་འཁོར་རེའི་ལས་ཀའི་དུས་ཡུན་ཆུ་ཚོད་བརྒྱད་ལས་བརྒལ་མི་རུང་བ་དང་། ཟླ་རེར་ཆུ་ཚོད40ལས་བརྒལ་མི་རུང་ཞེས་བླང་བྱ་བཏོན་པ་རེད།

《བྱེད་ཐབས》གཞིར་བཟུང་།  ལས་བརྩོན་སློབ་རོགས་བྱ་བས་སློབ་མས་སློབ་སྦྱོང་གི་ཞོར་ནས་རང་འདོད་རང་མོས་ཀྱིས་སྙན་ཞུ་དང་། དེའི་སྐོར་གྱི་ཆ་འཕྲིན་གསལ་སྒྲོག དཀའ་ངལ་ཅན་གྱི་སློབ་མར་དམིགས་བསལ་རོགས་སྐྱོར།  ལས་གནས་སུ་འགྲན་རྩོད་ཀྱི་སྒོ་ནས་ཞུགས་པ།  སྒྲིག་ལམ་བརྩི་སྲུང་བཅས་ཀྱི་རྩ་དོན་ལྟར། སློབ་གྲྭའི་རྒྱུན་ལྡན་གྱི་སློབ་ཁྲིད་སྒྲིག་ལམ་དང་རྒྱུན་ལྡན་གྱི་སློབ་སྦྱོང་ལ་དལ་འགོར་མི་བྱེད་པའི་སྔོན་འགྲོའི་འོག་རྩ་འཛུགས་ཡོད་པའི་སྒོ་ནས་སྤེལ་དགོས་པ་ཞིག་རེད།  སློབ་གྲྭའི་ནང་ཁུལ་གྱི་ལས་བརྩོན་སློབ་རོགས་ཀྱི་ལས་གནས་བཀོད་སྒྲིག་དེ་སློབ་གྲྭ་དེའི་སློབ་ཁྲིད་ལས་རོགས་དང་། ཚན་ཞིབ་ལས་རོགས། སྲིད་འཛིན་དོ་དམ་ལས་རོགས། སློབ་གྲྭའི་སྤྱི་པའི་ཞབས་ཞུ་ལ་སོགས་པ་གཙོ་བོར་འཛིན་གྱིན་ཡོད།  དུག་རྫས་དང་འཚེ་བ་ཡོད་པ། ཉེན་ཁ་ཆེ་བ་བཅས་ཀྱི་ཐོན་སྐྱེད་ལས་ཀ་དང་། སློབ་མའི་ལུས་ཤུགས་ཀྱིས་མི་ནུས་པ་དང་བདེ་ཐང་ལ་གནོད་པའི་ངལ་རྩོལ་ལ་སོགས་སུ་རྩ་འཛུགས་བྱེད་མི་རུང་བ་རེད།

《བྱེད་ཐབས》ནང་།   སློབ་གྲྭ་ནང་ཁུལ་གྱི་གཏན་འཇགས་ལས་གནས་ཀྱི་ལས་གླ་དེ་ཟླ་བ་ལྟར་རྩིས་སྤྲོད་བྱེད་དགོས་པ་དང་།ཟླ་རེའི་དུས་ཚོད་བཞི་བཅུ་ཡི་ལས་གླ་དེ་རྩ་དོན་ཐོག་ས་གནས་དེའི་སྲིད་གཞུང་ངམ། འབྲེལ་ཡོད་སྡེ་ཚན་གྱིས་གཏན་འབེབས་བྱས་པའི་མ་མཐའི་གླ་ཕོགས་ཀྱི་ཚད་གཞིའམ་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ལས་ཉུང་མི་རུང་བ་དང་། དེ་ཡང་འཕར་ཆག་འོས་འཚམ་རེ་གཏོད་ཆོག་པ།  སློབ་གྲྭ་ནང་ཁུལ་གྱི་གནས་སྐབས་ལས་གནས་ཀྱི་ལས་གླ་དེ་ཆུ་ཚོད་ལྟར་རྩིས་རྒྱག་དགོས་ཏེ།  ཆུ་ཚོད་རེ་ཡི་ཕོགས་དངུལ་དེ་སློབ་གྲྭ་ཡོད་སའི་ས་དེའི་སྲིད་གཞུང་ངམ། འབྲེལ་ཡོད་སྡེ་ཚན་གྱིས་གཏན་འབེབས་བྱས་ཡོད་པའི་མ་མཐའི་ཆུ་ཚོད་རེ་ཡི་ཕོགས་དངུལ་ཚད་གཞིར་ཟུར་ལྟ་བྱས་ནས་ལུགས་མཐུན་གྱིས་གཏན་འཁེལ་བྱེད་དགོས་ལ། རྩ་དོན་ཐོག་ཆུ་ཚོད་རེར་མི་དམངས་ཤོག་སྒོར12ལས་ཉུང་མི་རུང་བ། སློབ་གྲྭ་ཕྱིའི་ལས་བརྩོན་སློབ་རོགས་ཀྱི་ལས་གླ་ཚད་གཞི་དེ་སློབ་གྲྭ་དེ་ཡོད་སའི་སྲིད་གཞུང་ངམ། འབྲེལ་ཡོད་སྡེ་ཚན་གྱིས་གཏན་འབེབས་བྱས་ཡོད་པའི་མ་མཐའི་ཕོགས་དངུལ་གྱི་ཚད་གཞི་ལས་ཉུང་མི་ཆོག་ལ། དེ་ལས་མི་སྤྱོད་མཁན་ལས་ཁུངས་དང་སློབ་གྲྭ།  སློབ་མ་བཅས་ནས་མཉམ་དུ་གྲོས་བསྡུར་འོས་མཐུན་ཐོག་གཏན་འཁེལ་བྱས་ནས། ལས་མི་གདན་ཞུའི་གན་རྒྱར་བཀོད་དགོས་པ་བཅས་གཏན་ལ་ཕབ་ཡོད་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།