རང་ཞིང་གི་ལུས་རྩལ་པ157ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་ལྕགས་རྟའི་འགྲན་སྡུར་ཁྲོད་ཞུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ8པའི་ཚེས25ཉིན། “འགྲིམ་འགྲུལ་དངུལ་ཁང་རྟགས་མའི”མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བདུན་པའི་ལུས་རྩལ་འགྲན་ཚོགས་དང་རྒྱལ་ཡོངས་མི་དམངས་ལུས་ཕུང་བདེ་ཐང་གྲོས་ཚོགས་སྐབས་གཉིས་པའི་ལྕགས་རྟའི་འགྲན་སྡུར་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་དུ་དངོས་སུ་འཛད་སྒོ་ཕྱེས་པ་རེད། ཞིང་ཆེན་ཡོངས་ཀྱི་འཐུས་ཚབ་རུ་ཁག་མི་འདྲ་བ9ཡི་ལུས་རྩལ་མི་སྣ157ལྷག་འགྲན་སྡུར་ལ་དངོས་སུ་ཟབ་ཞུགས་བྱས་ཡོད།

ཉིན་དེར་སྐྱེས་པ་ན་གཞོན་ཚོ་ཆུང་དང་སྐྱེས་པ་དར་མའི་ཚོ་ཆུང་གིས་གཞུང་ལམ་སྟེང་འགྲན་སྡུར་བོའུ་སྐད་ཀྱི་སྔ་གཞུག་བརྩད་དེ་གསེར་ཆེན་རྫོང་མཁར་ནས་ལམ་ལ་ཆས་ཤིང་ས་ནགས་ལྗོངས་ཁུལ་བར་གྱི་འགྲན་སྡུར་སྤྱིའི་རིང་ཚད་ལ་སྤྱི་ལེ38ཡོད་པ་རེད། རླངས་འཁོར་རུ་ཁག་ལམ་ལ་ཆས་ཏེ་ཕལ་ཆེར་སྤྱི་ལེ10ལྷག་གི་མཚམས་སུ་ཐོན་དུས་ལུས་རྩལ་པ་གཉིས་གློ་བུར་དུ་སྔོན་དུ་ཐོན་པ་དང་གནས་སྐབས་སུ་ཨང་དང་པོ་ཆགས་པའི་རྣམ་པ་ཞིག་བྱུང་མོད། འོན་ཀྱང་རིང་བོ་མ་ལོན་པར་ལུས་རྩལ་ཚོགས་པ་གཞན་དག་གིས་རྗེས་ཆོད་པར་གྱུར། དེ་ཡང་ལུས་རྩལ་པ་དག་གི་སོ་སོའི་ལུས་སྟོབས་སོགས་ཀྱི་དབང་གིས་འགྲན་སྡུར་ཁྲོད་ཕན་ཚུན་བར་ལ་བར་ཐག་ཅུང་ངེས་ཅན་ཞིག་བྱུང་པ་རེད།

འགྲན་སྡུར་མཇུག་རྫོགས་རྗེས་སྐྱེས་པ་དར་མའི་ཚོ་ཆུང་གི་ཨང་གསུམ་པའི་བར་ནི་སོ་སོར་སྟོང་སྐོར་འཐུས་ཚབ་རུ་ཁག་གི་ཝང་ཅན་ཚེ་དང་ཝང་མེན་ཏུང་། ཀྲུང་ཀྲི་ཧྲན་བཅས་ཡིན་ཞིང་། སྐྱེས་པ་ན་གཞོན་ཚོ་ཆུང་གི་ཕྱོགས་ནས་ཙོང་ཁ་རྫོང་གི་འཐུས་ཚབ་འགྲན་ཞུགས་པ་དབྱང་ཁྲིན་མེན་དང་ཀོའུ་ཧྲི་རོང་། དེ་མིན་ལིས་ཡན་ཞང་ཡང་ཨང་གསུམ་པའི་གྲས་སུ་ཐོན། སྐྱེས་པ་དར་མའི་ཚོ་ཆུང་གི་ཐུན་མོང་ཨང་གསུམ་པའི་བར་ནི་སྟོང་སྐོར་རྫོང་དང་དམར་གཙང་རྫོང་། ཟི་ལིང་གྲོང་ཁྱེར་མཁར་དབུས་ས་ཁུལ་གྱི་འཐུས་ཚབ་རུ་ཁག་བཅས་ཡིན་པ་རེད། ཙོང་ཁ་རྫོང་གི་འཐུས་ཚབ་འགྲན་ཞུགས་རུ་ཁག་གི་སྐྱེས་པ་ན་གཞོན་ཚོགས་པས་ཨང་དང་པོ་བླངས་པ་རེད།

དེ་ཡང་མཚོ་སྐོར་ལྕགས་རྟའི་འགྲན་སྡུར་གཙོ་བོ་ཡིན་པའི་ལུས་རྩལ་རིགས་སོ་སོའི་ལྕགས་རྟའི་འགྲན་སྡུར་གྱི་རྣམ་གྲངས་མང་པོ་འཕེལ་པ་དང་བསྟུན་ནས། ལྕགས་རྟའི་ལུས་རྩལ་འགྲན་སྡུར་ཁྲོད་ཟབ་ཞུགས་བྱེད་པའི་མི་གྲངས་ཡང་ལོ་རེ་ལས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ལག་རྩལ་གྱི་ཆུ་ཚད་ཡང་རིམ་བཞིན་མཐོར་འདེགས་སུ་འགྲོ་བཞིན་ཡོད་པས། སྔར་མེད་གསོན་ཤུགས་ཀྱི་རྣམ་པ་གསར་པ་ཞིག་མངོན་ཡོད། ཐེངས་འདིའི་འགྲན་སྡུར་གྱིས་འགྲན་སྡུར་ངོ་མཚར་དང་འགྲན་ཞུགས་ཡིད་འོངས་ཀྱི་བླང་བྱ་གཞིར་བཟུང་ཞིང་། ཞིང་ཆེན་ལུས་རྩལ་གྱིས་དམངས་ལ་ཁེ་ཕན་བསྐྲུན་པ་དང་མཚོ་སྔོན་བདེ་ཐང་ཡོང་བའི་དམིགས་འབེན་ལས་འགོ་བརྩམས་ཏེ། ཞིང་ཆེན་ལུས་རྩལ་ལ་དུས་ཆད་འཇོག་པ་དང་མཚོ་སྔོན་ལ་བྱས་རྗེས་གནང་བའི་བརྗོད་བྱའི་བསྟོད་གླུ་གྱེར་བཞིན། སྤྱི་ཚོགས་ལས་རིགས་སོ་སོའི་སྟེང་གི་དམངས་ཡོངས་ལུས་རྩལ་འགྲན་སྡུར་ཁྲོད་ཞུགས་ནས་དམངས་ཡོངས་བདེ་ཐང་ཡོང་བ་དང་གཟུགས་སྟོབས་དར་སྤེལ་དང་སྙིང་སྟོབས་དར་སྤེལ་བཏང་སྟེ། སྟོབས་ཤུགས་གཅིག་བསྡུས་ཀྱི་བྱེད་ནུས་ཐོན་ཐུབ་པ་བྱ་དགོས་ཞེས་ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཏང་ཨུའི་ཆེད་དོན་འགན་འཛིན་ཧྲུའུ་ཅི་གཞོན་པ་པ་ཞི་ཏུང་གིས་བཤད་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།