རང་ཞིང་གི་ལས་རིགས་ལག་རྩལ་སློབ་གྲྭར་ཆེད་ལས་སྣ་ཁ71གསར་སྣོན་བྱས་འདུག

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་སློབ་གསོ་ཐིང་ནས་ཤེས་གསལ་ལྟར་ན། ལོ་གཅིག་ཚུན་ལ། རང་རེའི་ཞིང་ཆེན་གྱི་ལས་རིགས་སློབ་གསོ་དང་ཐོན་ལས་འབྲེལ་ཐག་ལེགས་པོར་སྦྲེལ་ནས་ཆེད་ལས་སྣ་ཁ71གསར་དུ་བསྣན་པ་དང་། ཆེད་ལས26གཉེར་མཚམས་བཞག་འདུག

ལོ་གཅིག་ཚུན་ལ། རང་རེའི་ཞིང་ཆེན་གྱི་ལས་རིགས་སློབ་གྲྭས་མངའ་ཁོངས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་དུ་སྦྲེལ་ཏེ། སྲོལ་རྒྱུན་ཆེད་ལས་ཀྱི་དགེ་མཚན་སོར་འཇོག་གི་རྨང་གཞིའི་ཐོག་གསར་དར་ཆེད་ལས་ལ་ལམ་ཁ་ཡངས་པོ་བསྐྲུན་ཏེ་ཁྱད་ལྡན་ཆེད་ལས་གསར་གཏོད་བྱས་པ་དང་།  མཉམ་དུ་ཁོར་ཡུག་ལྟ་སྐུལ་ཚད་ལེན་དང་ཚོད་འཛིན་ལག་རྩལ། འོད་ཧྥུ་གློག་འདོན་ལག་རྩལ་དང་བཀོལ་སྤྱོད་སོགས་ཆེད་ལས71གསར་དུ་བཙུགས་པ་དང་། གཏེར་འདོན་ལག་རྩལ་དང་། མེ་གློག་བཟོ་གྲྭའི་ཚ་ནུས་སྒྲིག་ཆས་འཁོར་སྐྱོད་ལ་སོགས་ཀྱི་ཆེད་ལས26མེད་པར་བཏང་ནས་ལས་རིགས་སློབ་གླིང་གི་ཆེད་ལས་དེ་ཐོན་ལས་ཀྱི་དགོས་མཁོ་དང་ཐག་ཇེ་ཉེ་རུ་བཏང་ཡོད་པ་རེད།

དེ་དང་ཆབས་ཅིག་ཏུ།  སློབ་གྲྭ་དང་ཁེ་ལས་མཉམ་ལས་ལ་ཤུགས་སྣོན་དང་།  དེང་རབས་སློབ་བུ་སྐྱོང་བའི་ལམ་ལུགས་ཚོད་ལྟ་ལ་སྐུལ་འདེད་ཤུགས་ཆེན་བྱས་ཏེ།  མཚོ་སྔོན་བཟོ་བཀོད་ལས་རིགས་ལག་རྩལ་སློབ་གླིང་སོགས་ལས་རིགས་སློབ་གླིང8ཀྱི་ཆེད་ལས11འདེམས་ཏེ་དེང་རབས་སློབ་བུ་སྐྱོང་བའི་ལམ་ལུགས་ཚོད་ལྟ་བྱས་པ་རེད།  ལས་རིགས་སློབ་གྲྭ་སོ་སོས་ཀྱང་བཟོ་སློབ་ཟུང་འབྲེལ་དང་། ལས་གནས་དངོས་སྦྱོང་།  ཆེད་མངག་སྐྱེད་སྲིང་ལ་སོགས་འཇོན་མི་སྐྱེད་སྲིང་གི་རྣམ་པ་བརྒྱུད་དེ།  ཞིང་ཆེན་ཕྱི་ནང་གི་ཁེ་ལས110བར་མཉམ་ལས་ཀྱི་འབྲེལ་བ་གསར་དུ་བཙུགས་པས། སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་ལས་ཁུངས1300ལྷག་ལ་སླེབས།  ཁེ་ལས་དང་མཉམ་དུ་འཕྲུལ་གློག་གཟུགས་གཅིག་ཅན་དང་། བདག་སྐྱོང་།  འོད་ཧྥུ་གློག་འདོན་ལག་རྩལ་གསར་པ་བཀོལ་སྤྱོད་ལ་སོགས་ཆེད་མངགས་སྐྱེད་སྲིང་གི་ཆེད་ལས42བཙུགས་ནས་སློབ་མ2876སྐྱེད་སྲིང་བྱས་པ་རེད།

གླེང་རིན་ཡོད་པ་ཞིག་ནི།  ལས་རིགས་སློབ་གྲྭའི་དགེ་རྒན་གྱི་གྲངས་ཀ་མི་འདང་བ་དང་སྤྱིའི་སྤུས་ཚད་དམན་པ་ལ་སོགས་པའི་གནད་དོན་ལ་དམིགས་ཏེ།  རྒྱལ་ཁབ་ཀྱི་ལས་རིགས་སློབ་གྲྭའི་དགེ་སློབ་ཀྱི་བསྡུར་ཚད་ཚད་གཞི་ལ་ཟུར་ལྟ་བྱས་ནས་དུས་འོས་འཚམ་ནང་མཚོ་སྔོན་ཞིང་ཆེན་ལས་རིགས་སློབ་གྲྭའི་དགེ་རྒན་ལ་ཚད་གཞི་གཏན་འབེབས་བྱས་པ་དང་།  ལས་རིགས་སློབ་གྲྭའི་དགེ་བཟོ་བའི་ལས་གནས་སྤྱི་འབོར་ཞིབ་བཤེར་གཏན་འབེབས་བྱས་ནས་སྤྱི་འབོར་ཚོད་འཛིན་དང་དུས་རྒྱུན་སྙོམ་སྒྲིག་བྱ་བ་ལག་བསྟར་བྱས་ཡོད་པ་རེད།

2019ལོ་ནས་བཟུང་སྟེ། སྲིད་གཞུང་གིས་ལས་རིགས་སློབ་གྲྭའི་ལས་གནས་ཞབས་ཞུ་ཉོ་སྒྲུབ་ཀྱི་ཆེད་སྤྱོད་འགྲོ་གྲོན་བཀོད་སྒྲིག་བརྒྱབ་ནས་ཞིང་ཆེན་དང་གྲོང་ཁྱེར(ཁུལ)སོགས་ཀྱི་ནོར་སྲིད་འགན་འཁུར་ཁག་བགོས་ཀྱི་ལམ་ནས་ཆེད་ལས་བསླབ་ཚན་གྱི་དགེ་རྒན་དཀོན་པའི་ དངོས་སྦྱོང་དགེ་རྒན་དང་ཟུར་འཁྲིད་དགེ་རྒན་ལ་སྲིད་གཞུང་གི་ཞབས་ཞུ་ཉོ་སྒྲུབ་བྱ་རྒྱུ་དང་།  དགེ་རྒན་དཔུང་སྡེ་དོ་དམ་ལ་ཤུགས་བསྣན་ཏེ།  ལས་གནས་ཀྱི་དགོས་མཁོ་དང་། འགྲན་རྩོད་བརྒྱུད་ལས་གནས་སུ་ཞུགས་པ།  ལས་གནས་ནང་བཞིན་ལས་མི་བསྡུ་བ། གན་རྒྱ་དོ་དམ་བཅས་ཀྱི་རྩ་དོན་ལྟར།  གན་རྒྱ་དོ་དམ་ལ་གཞི་བཅོལ་པའི་ལས་མི་བཀོལ་སྤྱོད་ལམ་ལུགས་འཐུས་ཚང་དུ་བཏང་ནས།  ཆེད་ལས་དམན་ཞིང་། སློབ་ཁྲིད་ཀྱི་འོས་འགན་མི་ལྕོགས་པའི་དགེ་རྒན་ལ་ཟབ་སྦྱོང་དང་། ཡང་ན་དགེ་རྒན་གྱི་ལས་ཀ་གཉེར་མཚམས་གཅོད་པ་སོགས་ལ་བརྟེན་ནས་དགེ་རྒན་གྱི་ལས་གནས་ལས་ཕྱིར་འབུད་པའི་ནང་རྐྱེན་ལམ་ལུགས་འཐུང་ཚང་དུ་གཏང་རྒྱུ་རེད།  ཆེད་ལས་ཟབ་སྦྱོང་དང་ཁེ་ལས་ལག་ལེན། འབྲེལ་འདྲིས་འགན་འཁྱེར་ལ་སོགས་པའི་བྱེད་ཐབས་བརྒྱུད་དེ་ལས་སྒོར་བྱང་ཆུབ་ཅིང་། ལས་གནས་བརྩི་སྲུང་གི“གཉིས་ལྡན་དགེ་རྒན”དང་ཆུ་ཚད་མཐོ་ཤོས་ཀྱི་སློབ་གཙོ་དཔུང་སྡེ་གཟུག་རྒྱུ་བཅས་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།