ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱིས་ཞིང་ཆེན་གྱི་གསར་བསྐོས་དོ་དམ་ལས་བྱེད་པ་ཐུན་མོང་ལ་སྤྱོད་གཙང་སྲིད་སྐྱོང་སྐོར་ནས་གླེང་མོལ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས14ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། ཞིང་ཆེན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཐེང་ཅ་ཚའེ་ཡིས2017ལོའི་ཟླ7པའི་ཚུན་ལ་ལས་གནས་གསར་བསྐོས་ཀྱི་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་དང་རྫོང་ཏང་ཨུའི་ཧྲུའུ་ཅི་བཅས་མི156ལ་ཐུན་མོང་ཐོག་སྤྱོད་གཙང་སྲིད་སྐྱོང་གི་ཐད་ནས་གླེང་མོལ་གནང་བ་རེད།

གླེང་མོལ་གྲོས་ཚོགས་ཐོག   ཚོགས་ཞུགས་ཀྱི་གསར་བསྐོས་ཏང་ཡོན་འགོ་ཁྲིད་ལས་བྱེད་ཀྱིས་ཏང་གི་དར་ཆར་ཕྱོགས་ནས་ཏང་གི་དམ་ཚིག་ཕྱིར་དྲན་བྱས་ཤིང་།  《སྤྱོད་གཙང་རང་གཅུན་གྱི་ཁས་ལེན་ཡི་གེ》ལ་མིང་རྟགས་བཀོད་པ་དང་།  ལས་བྱེད་འཐུས་མིས་གཏམ་བཤད་སྤེལ།  ཐིང་ཅ་ཚའེ་ཡིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལག་ལེན་མཐར་ཕྱིན་དང་།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས་བཀོད་སྒྲིག་བརྒྱབ་པའི་ལས་འགན་ཁག་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་སྙིང་བོར་བཟུང་སྟེ།  གནད་དོན་འཁྲིད་སྟོན་དུ་བཟུང་ནས་མཚོ་སྔོན་གྱི་གནས་ཚུལ་ངོ་མར་སྦྱར་ནས། གསོན་ཉམས་ཀྱིས་ཕྱུག་པའི་སྔོན་ཐོན་དཔེ་སྟོན་དང་གམ་གྱི་རུལ་སུངས་གྱོད་དཔེ་ལ་བརྟེན་ནས།  གསར་བསྐོས་འགོ་ཁྲིད་ལས་བྱེད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་ཐད་ཀྱི་སྣེ་འཁྲིད་པ་དང་། ཆབ་སྲིད་ཐོག་གི་མི་བསམ་ཤེས། ཏང་དོ་དམ་དང་ཏང་ལེགས་སྐྱོང་གི་འགན་ལེན་པ།  སྤྱོད་གཙང་རང་གཅུན་གྱི་མི་ཚུལ་ལྡན་པ་ཞིག་བྱ་བར་སྐུལ་མ་བཏང་བ་མ་ཟད། གསར་བསྐོས་འགོ་ཁྲིད་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་དུས་རབས་གསར་པའི་ལས་བྱེད་བཟང་པོར་བཏོན་པའི་ཚད་གཞི་ལྔ་ནང་ལྟར།   “ནུས་པ་བརྒྱད”ཇེ་ཆེར་བཏང་སྟེ།   རང་ཞིང་གི“སྤུས་ལེགས་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་དམིགས་འབེན་མངོན་འགྱུར་དང་། འབྱོར་ཕྱུག་དང་དཔལ་ཡོན།  འཆམ་མཐུན།  མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཅིག་བསྐྲུན་པར་ནན་ནན་ཏིག་ཏིག་གི་བྱ་སྤྱོད་དང་། དྲང་སྐྱོང་སྤྱོད་གཙང་གི་སྣང་བརྙན།  ཏན་ཏན་ཏིག་ཏིག་གི་ལས་ཕྱོད་ཐད་ནས་སོ་སོའི་རིན་ཐང་མངོན་དགོས་པའི་བླང་བྱ་ཡང་བཏོན་པ་རེད།

ལས་གནས་གསར་བསྐོས་བློ་མཐུན་གྱིས་ཐུན་མོང་ཐོག་འདི་སྐད།  ཐུན་མོང་གི་སྤྱོད་གཙང་སྲིད་སྐྱོང་གི་གླེང་མོལ་བརྒྱུད།  ཡང་བསྐྱར་ཏང་གཤིས་ལ་ངེས་ཟིན་ཐོབ་ནས“འདུ་ཤེས་བཞི”ཇེ་ཆེར་དང་“གདེང་ཚོད་བཞི”ཇེ་བརྟན་དུ་བཏང་ནས་སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་ཇེ་དྲག་ཏུ་སོང་ཡོད་པས།  ཐེངས་འདིའི་རྩ་འཛུགས་ཀྱིས་འདོན་སྤྲོད་བྱས་པའི་སྟེགས་བུ་དང་གོ་སྐབས་འདི་དམ་འཛིན་བྱས་ཏེ།  ཚད་གཞི་མཐོ་ལ། སྒྲིག་ལམ་ནན་མོ་ཡི་སྒོ་ནས་རང་ཉིད་ལ་རེ་བ་ནན་མོ་འཛིན་རྒྱུུ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་འཆང་ནས་གཞན་ལས་འཕགས་པའི་ལས་ཕྱོད་ལ་བརྟེན་ནས་རྩ་འཛུགས་ཀྱི་ཡིད་རྟོན་དང་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་ཞེས་བརྗོད།

ལོ་ཙཱ་བ། ཁོན་ཐར་འཚོ།