བུ་བཅོལ་ཁང“སློབ་ཆུང་ཅན་དུ་འགྱུར་བར་བཀག་འགོག”ཐད་ལ་ཟི་ལིང་གྲོང་ཤར་ཆུས་ཀྱིས་ཐབས་ཇུས་དངོས་བཏོན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སློབ་གྲྭ་འཚོག་ལ་ཉེ་བའི་སྐབས་འདིར། སྔོན་འགྲོ་སློབ་གསོར་འཕྲད་པའི་གནད་དོན“སློབ་ཆུང་ཅན་དུ་འགྱུར་བར”བཀག་འགོག་དང་ཐ་ན་མེད་པར་བཟོ་དགོས་པ་ནི་ཁྱིམ་བདག་གི་དོ་ཁུར་བྱེད་ས་ཞིག་ཡིན་པ་མ་ཟད། སློབ་གསོ་སྡེ་ཚན་གྱིས་དོ་སྣང་ཆེན་པོ་བྱེད་ས་ཞིག་ཏུ་གྱུར་ཡོད། གསར་འགོད་པས་ཟི་ལིང་གྲོང་ཁྱེར་གྲོང་ཤར་ཆུས་སློབ་གསོ་ཅུས་ནས་ཤེས་གསལ་ལྟར་ན།  ཆུས་དེས་ད་ལོའི་སྟོན་དུས་ཀྱི་སློབ་གྲྭ་འཚོགས་པ་ནས་བཟུང་སྟེ། བྱེད་ཐབས་སྣ་མང་སྤྱད་དེ་བུ་བཅོལ་ཁང“སློབ་ཆུང་ཅན་དུ་འགྱུར་བའི”གནད་དོན་ཐག་གཅོད་ལེགས་པོ་བྱས་ནས་བྱིས་དུས་ཀྱི་འཚར་ལོངས་ལྷད་མེད་དེ་སླར་གསོ་བྱ་རྒྱུ་རེད།

ཤེས་གསལ་ལྟར་ན། ཉེ་བའི་ལོ་རིང་ལ་གྲོང་ཤར་ཆུས་ཀྱི་སྔོན་འགྲོ་སློབ་གསོར་ཡར་རྒྱས་ཆེན་པོ་བྱུང་ཡོད་ན་ཡང་།  བུ་བཅོལ་ཁང“སློབ་ཆུང་ཅན་དུ་འགྱུར་བ”ནི་ཆུས་ཡོངས་ཀྱི་སྔོན་འགྲོ་སློབ་གསོ་སྐྱོན་བྲལ་འཕེལ་རྒྱས་འགྲོ་བའི་ལམ་གྱི་འགོག་རྐྱེན་ཆེན་པོ་རུ་གྱུར་ཡོད་པ་རེད། དེའི་དབང་གིས་གྲོང་ཤར་ཆུས་ཀྱིས་བུ་བཅོལ་སློབ་གྲྭའི་སློབ་གཙོ་ཡི་དཔྱད་གླེང་སྐབས་དང་པོ་བསྡུས་ཏེ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སྔོན་འགྲོ་སློབ་གསོ་པུའུ་ཡི་དགེ་རྒན་ཆེན་མོ་ལི་ཡན་དང་། མཚོ་སྔོན་ཞིང་ཆེན་སན་མའོ་བུ་བཅོལ་ཁང་གི་སློབ་གཙོ་ལན་ཧྲན་ཧྭ།  གྲོང་ཤར་ཆུས་ཏ་མུ་ཀྲི་བུ་བཅོལ་ཁང་གི་སློབ་གཙོ་ཝང་ཞའོ་རོང་སོགས་གདན་ཞུས་ཐོག  དེང་གི་ཆར་བུ་བཅོལ་ཁང་སློབ་ཆུང་ཅན་དུ་འགྱུར་བའི་རྒྱུ་རྐྱེན་དང་། སྣང་ཚུལ་འདི་ཅི་ལྟར་བཅོས་བསྒྱུར་བྱེད་དགོས་པ།  བུ་བཅོལ་གྱི་བསླབ་བྱའི་ནང་དོན་ཚན་རིག་དང་མཐུན་པས་ཅི་ལྟར་བཀོད་སྒྲིག་རྒྱག་དགོས་པ། “བུ་བཅོལ་ཁང་དང་སློབ་ཆུང་བར་གྱི་འབྲེལ་བ”དེ་ཅི་ལྟར་སྦྲེལ་ན་ལེགས་པ་ལ་སོགས་ནས་བསམ་ཚུལ་བརྗེ་རེས་གནང་བ་དང་།  མངའ་ཁོངས་ནང་ཁུལ་གྱི་བུ་བཅོལ་ཁང་གི་སློབ་གཙོ་དག་གི་ལྟ་བའི་ཐད་ནས་སྔོན་འགྲོ་སློབ་གསོ་ཕྱིར་རང་མལ་དུ་ལོག་པར་གཅིག་མཐུན་འབྱུང་བར་སྣེ་འཁྲིད་པ་རེད།

གྲོས་བསྡུར་བརྒྱུད། གྲོང་ཤར་ཆུས་ཀྱི་བུ་བཅོལ་ཁང54ཡོད་པའི་སློབ་གཙོ་རྣམས་ལྟ་བ་གཅིག་ཏུ་མོས་པ་ནི།  སློབ་ཆུང་གི་སློབ་མ་བསྡུ་སྟངས་བསྒྱུར་བ་ལ་བརྟེན་ནས་སློབ་ཞུགས་ཤེས་བྱའི་ཚོད་རྒྱུགས་གཏན་འགོག་བྱ་དགོས་པ།  དགེ་རྒན་དང་། བསླབ་ཚན་བཀོད་སྒྲིག དཔྱད་བསྡུར། ཁྱིམ་བདག་དང་སློབ་གྲྭ་བཅས་ཀྱི་ལྟ་ཚུལ་ལ་འགྱུར་ལྡོག་བཟོ་བ་ནས་འགོ་བརྩམས་དགོས་པ།   བུ་བཅོལ་ཁང་གཉེར་བའི་འདུ་ཤེས་དང་དགེ་རྒན་གྱི་བསམ་བློ་ལ་འགྱུར་བ་བཏང་སྟེ།  འབྲེལ་ཡོད་ཟབ་སྦྱོང་དང་སློབ་སྦྱོང་གི་ཁྲོད་དུ་ཞུགས་ནས་དགེ་རྒན་དཔུང་སྡེའི་ཆུ་ཚད་ཇེ་མཐོར་གཏང་དགོས་པ།  སྨྱན་བྱད་ཚན་པའི་དྲིལ་སྒྲོག་ལ་ཤུགས་བསྣན་ཏེ།  སློབ་ཆུང་ཅན་དུ་འགྱུར་མི་རུང་བའི་གལ་ཆེའི་དོན་སྙིང་ཁྱིམ་བདག་ལ་ཤེས་སུ་བཅུག་ཐོག  ཁྱིམ་བདག་གི་སློབ་གསོ་ལེགས་པོར་བསྒྲུབས་ནས་ཁྱིམ་བདག་གི་བསམ་བློར་འགྱུར་བ་གཏང་དགོས་པ།   བསླབ་ཚན་སྒྲིག་སྟངས་ལ་འགྱུར་བ་བཏང་སྟེ། རྣམ་པ་སྣ་མང་གི་ལམ་ནས་སློབ་ཆུང་ཅན་དུ་འགྱུར་བའི་རྟགས་མཚན་དབྱེ་འབྱེད་བྱེད་ཐབས་གསལ་པོ་གཏན་འཁེལ་བྱ་དགོས།   དགེ་རྒན་བཟང་པོ་གསོ་སྐྱོང་སྒྲིག་འཛུགས་དང་། བསླབ་ཚན་སློབ་ཁྲིད་ཀྱི་ཟབ་སྦྱོང་སྒྲིག་འཛུགས་བྱས་ཏེ།  སློབ་དཔྱོད་ཚན་ཆུང་གིས་རོལ་རྩེད་རང་བཞིན་གྱི་བསླབ་གཞི་འཁྲིད་པར་སྣེ་འཁྲིད་དགོས།  ལོ་རེའི་ཟླ3པ་དང་9པ་གཉིས་གྲོང་ཤར་ཆུས་ཀྱིས“སློབ་ཆུང་ཅན་དུ་འགྱུར་བ”མེད་པར་བཟོས་པའི་དྲིལ་སྒྲོག་ཟླ་རུ་གཏན་འབེབས་བྱ་དགོས་བཅས་རེད།

གཞན་ཡང་བུ་བཅོལ་ཁང་སྔར་ལས་མང་པོས་ཉེ་ས་ནས་སྔོན་འགྲོ་སློབ་གསོ་མྱོང་ཐུབ་ཆེད།  གྲོང་ཤར་ཆུས་ཀྱི་སློབ་གསོ་སྡེ་ཚན་གྱིས་བུ་བཅོལ་ཁང་གི་གྲངས་འབོར་མུ་མཐུད་དུ་ཇེ་མང་དུ་བཏང་སྟེ།  སློབ་ཞུགས་འཁྲུག་ཆ་ཆེ་བའི་སྐབས་ཀྱི་དཀའ་ངལ་སེལ་ཐབས་བྱས།  ད་སྔ་གསར་དུ་བསྣན་པའི་ཕའེ་ཧྭ་བུ་བཅོལ་ཁང་དང་། གྲོང་ཤར་སན་མའོ་བུ་བཅོལ་ཁང་། མེ་ཏོག་ཆུང་ཆུང་རའེ་ཤིན་བུ་བཅོལ་ཁང་། མདོག་ལྡན་མེ་ཏོག་བུ་བཅོལ་ཁང་བཅས་བུ་བཅོལ་ཁང4ལ་མཆོག་མཆན་བཀོད་ཡོད་པ་དང་། གཞན་ཐའེ་ཉིང་བློ་འབྱེད་ལྟེ་གནས་དང་། མཚོ་སྔོན་ལྕགས་ལམ་སྡོད་ཁུལ་གྱི་བུ་བཅོལ་ཁང་། ས་ཡུས་ལུང་ཧུའུ་མེ་ཏོག་ར་བའི་བུ་བཅོལ་ཁང་། སྐར་འོད་བུ་བཅོལ་ཁང་སོགས་ཀྱིས་གོང་ཞུ་བྱེད་སྒང་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།