མཚོ་སྔོན་ནས་མར་གྱི་མཆུ་སྐག་དང་ཡུང་མའི་ཆང་དམར་སོགས་ཐོན་རྫས་གསར་པ་ཁག་ཐོན་འདུག

ཉེ་ལམ་མཚོ་སྔོན་ཞིང་ཆེན་སྲིད་འཛིན་གྱི་ལྟེ་བ་ཟི་ལིང་གྲོང་ཁྱེར་གྱི་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ། ཀྲུང་གོའི་མཚོ་སྔོན་གྱི་སྐྱོན་བྲལ་འཕེལ་རྒྱས་ཉོ་ཚོང་གྲོས་མོལ་ཚོགས་འདུ་ཐེངས་བཅུ་དགུ་པ་འཚོགས་ཤིང་། འཚོགས་འདུ་དེ་ད་ལྟ་མཇུག་སྒྲིལ་ཚར་ན་ཡང་། བོད་ཁུལ་གྱི་གྱ་ནོམ་པའི་གསར་བྱུང་ཐོན་རྫས་དང་། མཚོ་སྔོན་གྱི་འོད་སྟོང་འབར་བའི་མ་འོང་བའི་ལྗོངས་རིས་སོགས་ཀྱིས་དེར་ཕེབས་ཀྱི་སྐུ་མགྲོན་དང་འཛད་སྤྱོད་པ་རྣམས་ལ་བག་ཆགས་ཟབ་མོ་བཞག་སོང་།

རྒྱུ་ཆ་ལྟར་ན། ད་རེས་ཀྱི་འགྲེམས་ཚོང་དུ་རྒྱལ་ནང་གི་སྤྱི་ཚོགས་ཚོགས་པ་དང་ཁེ་ལས20ཡི་ཚོང་མགྲོན13000ལྷག་ཞུགས་ཡོད་ཅིང་། ཁོང་ཚོས་ཐེངས་འདིའི་ཚོགས་འདུའི་དགོངས་དོན་སྒོ་འབྱེད་མཉམ་ལས་དང་། སྐྱོན་བྲལ་འཕེལ་རྒྱས་གཞིར་བཟུང་ཐོག གོ་སྐབས་གསར་པ་དང་འཕེལ་སྟངས་གསར་པ་འདི་དམ་འཛིན་བྱས་ཏེ།   བབ་བསྟུན་གྱི་ཐོན་རྫས་མང་པོ་སྟེ་ཚན་རིག་ལག་རྩལ་དང་ཟས་གོས་ཉེར་མཁོ་ལ་སོགས་པའི་ས་གནས་སོ་སོའི་ཁྱད་ལྡན་ཐོན་རྫས་འཁྱེར་ཞིང་། གཏན་འཁེལ་གྱི་འགྲེམས་ཁུལ་དུ་བཀྲམས་ནས། མཚོ་སྔོན་གྱི་མི་རྣམས་ལ་མཚམས་སྦྱོར་ཕྱིར་ཚོང་བྱེད་ཞོར་དུ། མཚོ་སྔོན་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་དང་། གསར་དར་ཐོན་ལས། ཁྱད་ལྡན་ཐོན་རྫས་ལ་སོགས་པའི་དཔལ་འབྱོར་དང་ཁོར་ཡུག་སྲུང་སྐྱོང་གི་མི་མངོན་སྟོབས་ཤུགས་མངའ་བའི་ཁྱབ་ཁོངས་ལ་རྒྱུས་ལོན་དང་། སྤེལ་རེས་ཟབ་མོ་བྱས་ནས་ཁོར་ཡུག་གི་ཐོན་ཁུངས་ཡོད་ཀྱང་སྔོན་ཐོན་གྱི་ལག་རྩལ་མེད་པ་དང་། གསར་གཏོད་ཀྱི་བསམ་བློ་ཡོད་ཀྱང་ལག་ལེན་དང་མ་དངུལ་གྱི་འཁོས་ཀ་ཞན་པ།   སྲོལ་རྒྱུན་གྱི་ལག་རྩལ་ཡོད་ཀྱང་དེང་རབས་ཀྱི་ཚོང་གཉེར་བྱེད་སྟངས་བར་འབྲེལ་ཤེས་མེད་པ་སོགས། སྐྱོན་བྲལ་འཕེལ་རྒྱས་ཀྱི་འགག་གནད་དང་ཁྱད་ཆོས་གཞིར་བཟུང་ཐོག ས་གནས་དབར་ཀྱི་དོ་མི་མཉམ་པའི་ཆ་ལ་ཁ་གསབ་ཀྱི་ཚུལ་དུ་དྲང་གཞག་ལུགས་མཐུན་སྒོས་སྲིད་གཞུང་དང་ཁེ་ལས་དབར་དང་། ཁེ་ལས་དང་ཁེ་ལས་དབར་མཉམ་ལས་གཉིས་ཕན་གྱི་འབྲེལ་ཐག་བརྒྱུས་ཏེ།   མཉམ་གཅིག་ཏུ་མཚོ་སྔོན་གྱི་སྐྱོན་བྲལ་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་གོམ་ཤུགས་བརྟན་པོ་བསྩལ།

འགྲེམས་སྟོན་ཁངcནི་མཚོ་སྔོན་གྱི་མགོ་ལོག་དང་རྨ་ལྷོ། མཚོ་བྱང་། མཚོ་ལྷོ། མཚོ་ནུབ་བཅས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་ཁུལ་གཙོ་བྱས་པའི་སྣ་འཛོམས་འགྲེམས་ཁང་ཡིན་ཞིང་། འགྲེམས་སྟོན་ཁང་དེར་ཐོག་སོ་གཉིས་ཡོད་པ་ལས། ཐོག་སོ་དང་པོ་རུ་སྤུས་ལེགས་པའི་བོད་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་བྱས་ཡོད་པ་དང་། ཐོག་སོ་གཉིས་པར་ནང་ལོགས་ཀྱི་ཁྱད་ལྡན་ཐོན་རྫས་སྤུས་ལེགས་གཙོ་བྱས་པའི་སྣ་འཛོམས་ཐོན་རྫས་ཚོང་ས་བཀོད་སྒྲིག་བརྒྱབ་འདུག

འགྲེམས་སྟོན་ཁང་དེའི་འཛུལ་སྒོའི་ཁ་གཏད་དུ་མགོ་ལོག་འགྲེམས་སྟོན་ཁུལ་ཡོད་ཅིང་། ཕར་བལྟས་པ་ཙམ་གྱིས་བོད་རང་གི་ཁྱད་ཆོས་ལྡན་པའི་ཅ་དངོས་སྣ་ཚོགས་མིག་མདུན་དུ་ལྷང་ངེར་གསལ་འོང་། དགའ་བདེ་རྫོང་གི་འགྲེམས་སྟེགས་སུ་སོང་བ་ན། སྐྱེས་ལྡན་ལུད་རྫས་དང་། རི་སྐྱེས་ཏང་ཀི  ཤ་མོ་ལུག་གྲོད་སོགས་མིག་ལ་མཚར་བའི་ཕྱི་ཐུམ་འཕྱོར་པོ་ཅན་གྱི་ཁྱད་ལྡན་ཐོན་རྫས་བགྲང་གིས་མི་ལང་བ་ཞིག་འདུག་ལ།  དེ་ལས་མར་བཟོས་མཆུ་སྐག་དང་། དག་རྫས། ངོ་སྦྱར་སོགས་ཐོན་རྫས་གསར་པ་ཡོད་སར་བཅར་བ་ན།  ཞབས་ཞུ་པས་ལམ་སེང་།  འདི་ནི་ད་ལོར་གསར་ཏུ་བཟོས་པའི་མར་བཟོས་མཆུ་སྐག་དང་དག་རྫས་ཡིན་ཟེར། ངས་མུ་མཐུད་དུ་གནས་ཚུལ་རྩད་ཞིབ་བྱེད་དུས། མོས་འདི་ནི་དགའ་བདེ་རྫོང་ཁྱི་འབྲི་ཤང་རྟེན་འབྲེལ་འབྲོག་ལས་མཉམ་ལས་ཁང་དང་དགའ་བདེ་རྫོང་ཡུལ་སྐོར་ཅུས་གཉིས་ཀྱིས་མཉམ་འབྲེལ་ཐོག་གསར་བཟོ་གནང་བ་ཡིན། གཙོ་བོ་ས་གནས་རང་གི་མར་དང་མཐོ་སྒང་གི་སྦྲང་རྩི་གཉིས་རྒྱུ་ཆར་བྱས་ཏེ། ཐའེ་ཝན་གྱི་ཉིན་སྤྱོད་ངོ་སྣུམ་བཟོ་རྩལ་ནང་འདྲེན་གྱིས་ལས་སྣོན་བྱས་ནས་བཟོས་པ་ཡིན་པ་དང་། ཁྱིམ་ཚང་དབུལ་པོས་ཐོན་སྐྱེད་དང་། གློག་རྡུལ་ཚོང་ལམ་བརྒྱུད་ནས་ཚོང་རྟགས་བཏོད་དེ།  དགའ་བདེའི་རང་ངོས་ཀྱི་ཤུལ་བཞག་རིག་གནས་འགྲེམས་སྟོན་དང་མར་རྒྱན་འགྲེམས་སྟོན། ཡུལ་སྐོར་ལྗོངས་ཁུལ་ལ་སོགས་ཕྱི་མགྲོན་ནང་འགུགས་ཀྱི་ཡུལ་ཁྱད་པར་དུ་ཕྱིར་འཚོང་བརྒྱུད་དབུལ་་ཁྱིམ་ལ་ཡོང་འབབ་བསྐྲུན་པ་ཞིག་ཡིན། ད་ཆ་ཐོན་རྫས་སྐོར་ཐོག་མ་ཐའེ་ཝན་དུ་ཚོང་འདྲེན་བྱས་པར་དེ་གའི་འཛད་སྤྱོད་པ་དགའ་བོ་ཡོད་པ་རེད་ཟེར།  

འདི་ལྟ་བུའི་གསར་བྱུང་ཐོན་རྫས་ལ་ད་དུང་པདྨའི་གངས་ལྗོངས་བོད་ཇ་དང་། རྨ་ཆེན་གྱི་མར་ཕྱུར་གྲོ་གསུམ་གྱི་ཀ་ར།  ལོ་མའི་གོ་རེ། ཚེར་མ་སྐྱ་བོའི་སིལ་ཁུ་ལས་བཟོས་པའི་ཕོ་བ་གསོ་བའི་བདེ་སྲུང་གི་སྨན་དང་། གཞན་ཡུང་མའི་བཙགས་པའི་ཆང་དམར། འོ་མས་བཟོས་པའི་ཆང་། ཡུང་མའི་བཏུང་ཁུ།  སྟར་བའི་སིལ་ཕྱེ་དང་།  སིལ་ཁུ།  དག་རྫས་སོགས་མང་པོ་འདུག  དེ་ཡང་མཚོ་སྔོན་ཆུ་བོའི་བང་མཛོད་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་བཟོས་པའི་ཡུང་མའི་ཐོན་རྫས་ནི། གཙོ་བོ་ཡུང་མ་ཀུན་གྱི་རྩེ་གྲ་ནང་ཆེན་གྱི་ཡུང་མ་ལས་བཟོས་པ་ཡིན་ཞིང་། དེ་ལ་ཡུལ་ཤུལ་ཡུང་མ་དང་། ཡུང་མའི་བཏུང་ཁུ།  སིལ་ཁུ་བཅས་ཐོན་རྫས་སྣ་འགའ་ཡོད་ཅིང་། ས་མཐོ་དང་། ཚ་དྲོད་ཞི་བ། ལུས་ཟུང་གསོ་བའི་བྱེད་ནུས་སོགས་ལྡན་པས། རྫ་དུག་ཕོག་སླ་བའི་མི་ལ་ཧ་ཅང་ཕན་ཞེས་དེ་གའི་ཞབས་ཞུ་བས་ངོ་སྤྲོད་གནང་ཞོར་ཏུ།  གམ་གྱི་ལྷད་མེད་ཇ་སེར་གྱི་ཕན་ནུས་སྐོར་ཡང་མཚམས་སྦྱོར་གནང་བྱུང་།

གཞན་མཚོ་ལྷོ་མང་རའི་ཙོང་ལ་ནས་ཆང་དང་།རྨ་ལྷོ་སོག་རྫོང་གི་ལག་ལས་མ་ཁྱད་ལྡན་འཁལ་འཐག་ཐོན་རྫས། ཡུལ་ཤུལ་ནང་ཆེན་གྱི་གནམ་གྱི་ཕྱེད་ཀ་བལ་ལས་ཐོན་རྫས། རྫ་ཆས། མཚོ་བྱང་གི་གཡག་ནོར་ཁུལ་ཐོན་རྫས་སོགས་སྲོལ་རྒྱུན་གྱི་ལག་རྩལ་དང་ལག་ཤེས་ཐོན་རྫས་མང་པོ་ཞིག་ཀྱང་ཐེངས་འདིའི་འགྲེམས་སྟོན་དུ་ཞུགས་ཡོད་པ་རེད།

མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱིས་མཚོ་སྔོན་གྱི་སྒོ་འབྱེད་མཉམ་ལས་དང་། སྐྱོན་བྲལ་འཕེལ་རྒྱས་ལ་རྒྱུ་ཆ་ཕུན་སུམ་ཚོགས་པོ་ཞིག་མཁོ་འདོན་ཐུབ་ཡོད་པས། དུས་རབས་གསར་པའི་སྐྱོན་བྲལ་འཕེལ་རྒྱས་ཀྱི་ལམ་ཆེན་འདིར།  རིམ་པ་མཐོ་ཤོས་ཀྱི་ཚན་རིག་ལག་རྩལ་ནང་འདྲེན་གཞིར་བཞག་ཐོག རང་བྱུང་ལ་མི་གནོད་ཅིང་། སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་སྤེལ་ཐུབ་པ་དང་། སྲོལ་རྒྱུན་བཟོ་རྩལ་མ་ཉམས་དར་སྤེལ་གཏོང་ཐུབ་པའི་འཕེལ་རྒྱས་ཀྱི་བསམ་བློ་ཇེ་བརྟན་དུ་བཏང་ནས། གསར་དར་ཐོན་ལས་དང་གསར་དར་ལག་རྩལ་ལ་བརྟེན་ནས་ས་གནས་མང་ཚོགས་སྤྱི་དང་ནང་སྒོས་སུ་དབུལ་སྐྱོར་ཕྱུག་འགྱུར་ལ་ཕན་ཁེ་བསྐྲུན་ཐུབ་རྒྱུ་ནི། ཐེངས་འདིའི་ཚོང་ཚོགས་སུ་ཞུགས་མཁན་ས་གནས་སྲིད་གཞུང་དང་ཁེ་ལས་ཀྱི་དམིགས་བྱ་ཉག་ཅིག་ཡིན་ལ།   ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཐོན་སྐྱེད་འཚོ་བར་ནུས་པ་གལ་ཆེན་ཐོན་སྲིད་པར་མ་ཟད། རང་ཞིང་གི་སྐྱོན་བྲལ་འཕེལ་རྒྱས་ལ་ཕྱར་བ་གྲུ་འདེགས་ཀྱི་དགེ་མཚན་འདོན་ཐུབ་པས། དེ་བས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་རིས་ལྗོངས་གསོན་པོ་དེ་ལ་སྐྱོན་བྲལ་ལྷད་མེད་ཀྱི་ཚོས་གཞི་འདིང་བར་དོན་སྙིང་གལ་ཆེན་ལྡན་པ་རེད།

གསར་འགོད་པ། ཁོན་ཐར་འཚོ།