ཞི་ཅིན་ཕིང་ཝན་ཞང་ལ་ཐོན་ནས་ལའོ་ཝུའོ་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།

 

ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཝན་ཞང་ལ་ཐོན་ནས་ལའོ་ཝུའོ་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།

ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཝན་ཞང་ལ་ཐོན་ནས་ལའོ་ཝུའོ་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།

ཉིན་དེའི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་ལྔའི་སྟེང་། ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་ཝན་ཞང་བ་དལ་རྒྱལ་སྤྱི་གནམ་གྲུ་ཐང་དུ་བབས་པ་དང་། ཞི་ཅིན་ཕིང་གནམ་གྲུ་ལས་མར་ཕེབས་སྐབས། ལའོ་ཝུའོ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཕན་ཁན་དང་ལའོ་ཝུའོ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཝན་ཞང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཞོར་དུ་ཧྲི་ཀྲང་གི་འགན་འཁུར་མཁན་ཞིན་ལ་ཧྥུན། ལའོ་ཝུའོ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཙུང་ལི་གཞོན་པ་སུང་སེ་སོགས་ཀྱིས་བསུ་མ་བྱས་ཤིང་། ལའོ་ཝུའོ་རྒྱལ་ཁབ་ཀྱི་ན་གཞོན་གྱིས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ།

ཞི་ཅིན་ཕིང་གིས་གནམ་གྲུ་ཐང་དུ་ཡིག་ཐོག་གི་གསུང་བཤད་གནང་སྟེ་ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་མཛད་དེ་ལའོ་ཝུའོ་ཏང་དང་སྲིད་གཞུང་། མི་དམངས་བཅས་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ལའོ་ཝུའོ་ནི་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པ་དང་། མིང་དོན་མཚུངས་པའི་ཁྱིམ་མཚེས་དང་གྲོགས་པོ་བཟང་བོ་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ང་དྲུག་གི་རིང་ལ། ཕྱོགས་གཉིས་ཀྱི་སྲོལ་རྒྱུན་ཁྱིམ་མཚེས་མཛའ་མཐུན་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་སྣ་ཚོགས་ཀྱི་ཉམས་སད་ཐེག་པ་དང་། རྒྱལ་ཁབ་གཉིས་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་དེས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན་པར་མ་ཟད། ས་གནས་དང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་བཞག འཚམས་འདྲིའི་སྐབས་སུ་བདག་གིས་སྤྱི་ཁྱབ་ཧྲུའུ་ཅི་པིན་ཡང་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སོགས་ལའོ་ཝུའོ་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་དང་དེ་མིན་ལའོ་ཝུའོ་ཡི་ལས་རིགས་སོ་སོའི་མི་སྣར་འབྲེལ་འདྲིས་བྱས་ཏེ། ཀྲུང་གོ་དང་ལའོ་ཝུའོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་དེ་མིན་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་བྱེད་རྒྱུ་ཡིན་ཟེར།

ཏེན་ཞེའོ་ཞང་དང་ལིའུ་ཧི། ཡང་ཅེ་ཁྲི་སོགས་ཞི་ཅིན་ཕིང་དང་ལྷན་དུ་ལའོ་ཝུའོ་ལ་ཐོན།