༄༅།།རེ་བའི་མྱུ་གུ་འདི་ནས་འབུས།

  --བོད་ལྗོངས་གྲོ་མོ་ས་ཡོམ་གེགས་བར་ཁུལ་བསྐྱར་སྐྲུན་བྱས་ནས་ལོ་གཅིག་འཁོར་བའི་དངོས་བྲིས།

  2011ལོའི་ཟླ་9ཚེས་18ཉིན་རྒྱ་གར་གྱི་འབྲས་ལྗོངས་མངའ་སྡེར་ས་ཡོམ་རིམ་པ་6.8བརྒྱབ་ནས་བོད་ལྗོངས་གྲོ་མོ་རྫོང་གི་ཤང་གྲོང་ཚང་མར་གནོད་འཚེ་ཕོག་ནས་སྐད་ཅིག་རིང་རི་ཉིལ་བ་དང་།ཁང་པ་ལོག་པ།ཁྱིམ་གཞིས་ཐོར་བ་བཅས་བྱུང་།

  ལོ་གཅིག་སོང་རྗེས་གསར་འགོད་པ་སླར་ཡང་གྲོ་མོའི་ས་གནས་ཁག་ཏུ་བཅར་འདྲིར་སྐྱོད་སྐབས་ཞིག་རོའི་སྟེང་དུ་ལྟ་ན་སྡུག་པའི་བོད་བཟོའི་ཁང་པ་བརྒྱབ་པ་དང་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་ཞིང་།གེགས་བར་ཁུལ་གྱི་མང་ཚོགས་ཚོ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་དང་གེགས་བར་ཁུལ་གྱི་གང་ས་གང་དུ་རེ་བའི་མྱུ་གུ་འབུས་བཞིན་འདུགགྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་ཐང་དཀར་གྲོང་ཚོའི་གྲོང་མི་རྡོ་རྗེའི་ཁྱིམ་དུ་སྐྱོད་སྐབས་པང་གཅལ་གསར་རྐྱང་ཡིན་པ་དང་།སྐུ་མགྲོན་ཁང་ཡངས་ཤིང་དཀར་ཆ་དོད་པ།ལྟ་ན་སྡུག་པའི་བོད་བཟོའི་རི་མོ་བཅས་ཀྱི་ཐོག་ནས་ཁང་པ་གསར་པའི་རྣམ་པ་མངོན་ཞིང་།རྡོ་རྗེས་དགའ་སྤྲོའི་ངང་ང་ཚོར"ཁང་པ་གསར་པར་མགྱོགས་པོ་དེ་འདྲ་སྤོ་རྒྱུ་བྱུང་བ་རྨི་ལམ་དུའང་འཁོར་མ་བྱུང"ཞེས་བཤད་བྱུང་།དགུན་ཁ་ཁོང་ཚོ་ནང་མི་ཚང་མ་གུར་ནང་དུ་སྡོད་ག་ལ་དགོས།

  གྲོ་མོ་རྫོང་གི་རྫོང་དཔོན་ཁྲེན་ཞའོ་ཧོས་ངོ་སྤྲོད་བྱས་པར་གཞིགས་ན།གེགས་ཁུལ་གྱི་མང་ཚོགས་གང་མྱུར་སྡོད་ཁང་གསར་པར་སྤོ་ཐུབ་པ་བྱེད་ཆེད་ཡོམ་འགོག་གེགས་སེལ་གྱི་དུས་མཚམས་རང་བཞིན་གྱི་ལས་དོན་ལེགས་སྒྲུབ་བྱུང་རྗེས་གྲོ་མོ་རྫོང་གིས་ལས་ཀའི་ལྟེ་བ་དེ་གེགས་བར་བྱུང་རྗེས་ཀྱི་བསྐྱར་སྐྲུན་ལ་བཞག་པ་དང་གེགས་བར་ཁུལ་གྱི་མང་ཚོགས་རྣམས་བདེ་སྡོད་ལས་བརྩོན་ཡོང་བ་བྱ་རྒྱུ་དེ་སླར་གསོ་བསྐྱར་སྐྲུན་གྱི་ལས་འགན་ལྟེ་བར་བརྩིས་ཡོད།

  སྡོད་ཁང་འཛུགས་སྐྲུན་གྱི་མ་དངུལ་ཐད་རྒྱལ་ཁབ་ཀྱིས་དུད་ཚང་རེར་བསྐྱར་སྐྲུན་རོགས་དངུལ་སྒོར་ཁྲི་7.55གཏན་འབེབས་བྱས་པའི་རྨང་གཞིའི་ཐོག་གྲོ་མོ་རྫོང་གིས་ད་དུང་དུད་ཚང་རེར་སྡོད་ཁང་འཛུགས་སྐྲུན་གྱི་མྱུར་ཚད་བྱ་དགའ་སྒོར་ཁྲི་གཉིས་བཏོན་པ་དང་སྦྲགས་རང་སྐྱོང་ལྗོངས་ཀྱིས་ད་དུང་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་ལ་སྐྱེད་མེད་དངུལ་བུན་བཏང་ནས་མང་ཚོགས་ཚོས་ཁང་པ་གསར་པ་རྒྱག་རྒྱུར་འགན་ལེན་བྱས་པ་རེད།

  ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གསར་པ་དེ་ས་ཡོམ་རིམ་པ་བདུན་ཡན་འགོག་ཐུབ་པའི་སྤུས་ཚད་མཐོ་བའི་ལས་གྲྭ་སྐྲུན་ཆེད་གྲོ་མོ་རྫོང་གིས་ཆེད་ལས་ལག་རྩལ་མི་སྣ་སྐོང་འཐེན་བྱས་ནས་གེགས་བར་བྱུང་རྗེས་བསྐྱར་སྐྲུན་གྱི་ལག་རྩལ་མཛུབ་ཁྲིད་ཚོགས་ཆུང་ལྔ་བཙུགས་ནས་ཤང་གྲོང་ཁག་ཏུ་ལག་རྩལ་མཛུབ་ཁྲིད་བྱས་ཡོད་པ་རེད།

  ང་ཚོ་གྲོང་མི་སྤེན་པ་ཚེ་རིང་གི་སྡོད་ཁང་གསར་པར་སྐྱོད་སྐབས་བཀོད་པ་ལུགས་དང་མཐུན་ཞིང་ལྟ་ན་སྡུག་པའི་ཁང་གསར་དེར་ཡིད་སྨོན་སྐྱེས་བྱུང་།སྤེན་པ་ཚེ་རིང་གི་ཁང་པ་གསར་པར་ཁྱོན་བསྡོམས་རྒྱ་ཁྱོན་སྤྱི་ཁྲེ་ངོས་གྲུ་90ལྷག་ཙམ་ཡོད་པ་དང་ཁང་པ་རྒྱག་པར་འགྲོ་གྲོན་སྒོར་ཁྲི་12བཏང་བ་ཡིན།རོགས་དངུལ་སྒོར་ཁྲི་9.55ཡི་རྨང་གཞིའི་ཐོག་ཤིང་ཆ་དང་རྡོ་ཆས་རྙིང་པ་སྤྱད་པས་དངོས་སུ་སྒོར་3500ལས་གཏོང་དགོས་མ་བྱུང་ཞེས་བཤད་བྱུང་།

  ཤེས་རྟོགས་བྱུང་བར་གཞིགས་ན།ས་ཡོམ་བརྒྱབ་རྗེས་གྲོ་མོ་རྫོང་དུ་སྡོད་ཁང་བསྐྱར་སྐྲུན་བྱེད་དགོས་པའི་དུད་ཚང་2369ཡོད་པ་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ལ་སྐུལ་མ་གཏོང་བའི་དུད་ཚང་414དང་ལས་བཟོ་པའི་སྡོད་ཁང་བསྐྱར་སྐྲུན་དུད་ཚང་116ཕུད་ཟླ་བ་བརྒྱད་པའི་ཟླ་མཇུག་བར་དེ་བྱིངས་ཀྱི་དུད་ཚང་1839ཡི་ནང་དུད་ཚང་1804ལེགས་གྲུབ་བྱུང་ནས་ལེགས་གྲུབ་བྱུང་ཚད་98%ཟིན་གྱི་ཡོད་པ་རེད།

  མི་རྩ་བར་འཛིན་པ་དང་དམངས་འཚོ་སྔོན་ལ་སྤེལ་རྒྱུ་དེ་གྲོ་མོ་རྫོང་དུ་གེགས་བར་བྱུང་རྗེས་བསྐྱར་སྐྲུན་གྱི་ལས་འགན་གཙོ་བོ་ཡིན་ཞིང་ས་ཡོམ་བརྒྱབ་རྗེས་དགུན་ཁ་གྲོ་མོར་གྲང་ངར་ཆེ་བའི་དོན་དངོས་ལ་དམིགས་ཏེ་ཏང་དང་སྲིད་གཞུང་གིས་དུས་ཐོག་ཏུ་གེགས་བར་བྱུང་བའི་མང་ཚོགས་བཀོད་སྒྲིག་འོས་འཚམས་བྱ་རྒྱུ་དེ་དོན་ཆེན་དང་འཕྲལ་དུ་སྒྲུབ་དགོས་པའི་བྱ་བར་བརྩིས་ནས་དམ་འཛིན་བྱས་ཏེ་གེགས་བར་བྱུང་བའི་མང་ཚོགས་ལ་འཐུང་ཆུ་ཡོད་པ་དང་།ལྟོ་ཆས་ཡོད་པ།གུར་ཡོད་པ།ན་ཚ་བཅོས་ཐུབ་པ།གྱོན་ཆས་ཡོད་པ་བཅས་འགན་ལེན་བྱས་པ་རེད།

  གྲོ་མོ་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་མའེ་མའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན།ས་ཡོམ་བརྒྱབ་རྗེས་གྲོ་མོ་རྫོང་གིས་གེགས་བར་བྱུང་བའི་མང་ཚོགས་ལ་འཛིན་པའི་རྒྱལ་ཁབ་ཀྱི་འཚོ་བའི་རོགས་སྐྱོར་སྲིད་ཇུས་ཁག་སྒོ་ཀུན་ནས་དོན་འཁྱོལ་བྱས་ཤིང་འདི་ལོའི་ཟླ་བརྒྱད་པའི་བར་རིམ་བསགས་ཀྱིས་བརྩིས་ནས་རོགས་དངུལ་སྒོར་ཁྲི་1540ལྷག་ཙམ་དང་།གུར་2562མལ་ཆས་10670རྩམ་པ་ཏུན་26.67འབྲས་རྒྱ་མ་ཁྲི་3.75བཅས་སྤྲད་པ་རེད།

  གེགས་བར་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་སླར་གསོ་བྱེད་རོགས་བྱེད་ཆེད་གྲོ་མོ་རྫོང་གིས་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་བཏོན་ཞིང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཅི་ཞའོ་ཕུང་གིས་ངོ་སྤྲོད་བྱས་པར་གཞིགས་ན།རྫོང་དེ་ཡོངས་སུ་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་མ་གཏོང་བའི་ལམ་སྲོལ་བཙུགས་པ་སྟེ།འབབ་འཕར་10%བྱུང་ན་བྱ་དགའ་སྒོར་1000དང་།འབབ་འཕར་20%བྱུང་ན་བྱ་དགའ་སྒོར་2000འབབ་འཕར་30%ཡན་བྱུང་ན་བྱ་དགའ་སྒོར་3000བཅས་སྤྲོད་ཀྱི་ཡོད་པ་རེད།མང་ཚོགས་ལ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱེད་ཆེད་གྲོ་མོ་རྫོང་གིས་ད་དུང་ཐོན་ལས་འཕེལ་རྒྱས་གོམ་པ་གཅིག་མཚུངས་ཐོག་འཆར་འགོད་དང་གོམ་པ་གཅིག་མཚུངས་ཐོག་ལག་ལེན་བསྟར་ཏེ་ཁྱད་ལྡན་ཐོན་ལས་རྩ་འཛུགས་ཅན་དང་ཐོན་ལས་ཅན་གྱི་ལམ་དུ་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་ཀྱི་ཡོད་པ་རེད།རྫོང་དེ་ཡོངས་ཀྱིས་ད་དུང་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ནས་ཧྲང་ཧའེ་ཕུའུ་ཤིན་ཚན་རྩལ་མཐོ་བའི་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཡན་ཧྲུན་དངོས་ལས་ཚད་ཡོད་ཀུང་སི་སོགས་ཁེ་ལས་ཆེ་གྲས་གྲོ་མོར་ཐོ་འགོད་བྱ་རྒྱུའི་ཁྲིད་སྟོན་བྱས་པས་ནོར་ཁྲལ་ཡོང་འབབ་ཆེས་ཆེར་འཕར་ཡོད་པ་རེད།

  ལོ་གཅིག་རིང་གྲོ་མོ་རྫོང་གིས"ཁྱད་ལྡན་ཐོན་ལས་ཆེ་གྲས་དྲུག་མཐོར་གཏོང་གི་བྱ་སྤྱོད"ལག་ལེན་བསྟར་བ་སྟེ།མི་ཐབས་ལ་བརྟེན་ནས་མོག་རོ་འདེབས་འཛུགས་རྒྱ་ཁྱོན་ཆེ་རུ་གཏོང་བ།ཤར་གསིང་མ་གྲོང་རྡལ་དང་གྲོ་མོ་སྨད་ཤང་དུ་མོག་རོ་འདེབས་འཛུགས་ཀྱི་དྲོད་ཁང་ཆེ་གྲས་18བཙུགས་པ་དང་མོག་རོ་བླུགས་སྣོད་ཁྲི་1.8སྤྲད་པ་དང་།མ་དངུལ་སྒོར་ཁྲི་554བཏང་ནས་ཕག་རིའི་ཕ་གཡག་གསོ་ཚགས་ར་བ་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་ནས་ཕག་རིའི་འབྲི་གཡག་གི་རྒྱུད་པ་ལེགས་སུ་གཏོང་བ།གྲོ་མོའི་ཉ་གསོ་རྫིང་རྣམ་གྲངས་ལག་ལེན་བསྟར་ནས་གྲོ་མོའི་ཉ་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ།སྡིག་སྲིན་ཚོད་ལྟའི་གསོ་ཚགས་བྱེད་པ་དང་མ་དངུལ་སྒོར་ཁྲི་46བཏང་ནས་སྡིག་སྲིན་8600གསོ་བ།དཔལ་འབྱོར་ཤིང་ནགས་འདེབས་འཛུགས་རྣམ་གྲངས་ལག་ལེན་བསྟར་ནས་ཤིང་འབྲས་སྡོང་པོ་5000ནང་འདྲེན་བྱས་པ།ས་མཐོའི་ཤ་མོའི་རིགས་ཀྱི་ཚན་རྩལ་དཔེ་སྟོན་གླིང་བཙུགས་ནས་མི་ཐབས་ལ་བརྟེན་ནས་ཤ་མོའི་རིགས་ཚོད་འདེབས་བྱེད་རྩིས་ཡོད་པ་བཅས་རེད།

  ལག་གཉིས་ལ་བརྟེན་ནས་ཁྱིམ་གཞིས་བསྐྱར་སྐྲུན་དང་ལག་གཉིས་ལ་བརྟེན་ནས་འབྱུང་འགྱུར་བཏོད་པ།ས་ཡོམ་བརྒྱབ་རྗེས་གེགས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཧ་ཅང་མང་པོས་མགྱོགས་མྱུར་སྙིང་རུས་ཆེན་པོས་ཞིག་རོའི་ཁྲོད་ཁང་པ་བརྒྱབ་པ་དང་ཞུམ་པ་མེད་པའི་བློ་སྟོབས་དང་དཀའ་སྤྱད་ཀྱི་རྔུལ་ཆུར་བརྟེན་ནས་ཁྱིམ་གཞིས་བསྐྱར་སྐྲུན་བྱས་ཡོད།"སྒུག་བརྟེན་སློང་གསུམ་བྱ་རྒྱུ་དེ་ཐབས་ཤེས་ཤིག་མིན་པར་འབད་བརྩོན་ཆེན་པོས་ཁྱིམ་གཞིས་སྔ་ཙམ་སྐྲུན་དགོས"ཞེས་པ་སོགས་ཀྱི་འབོད་ཚིག་དེ་གེགས་ཁུལ་ལས་བྱེད་པ་དང་མང་ཚོགས་ཀྱི་རང་སྟོབས་རང་འཕེལ་དང་བློ་རྩ་བརྟན་པོས་འབད་འབུངས་བྱེད་པའི་སྙིང་སྟོབས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་དུ་གྱུར།