༄༅།།ཏུན་ཧོང་དུ་འཛམ་གླིང་ཐོག་གི་ནང་བསྟན་རིག་གནས་གླིང་འཛུགས་སྐྲུན་བྱེད་འགོ་ཚུགས་པ།

  ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་10ཚེས་8ཉིན་གློག་འཕྲིན་འབྱོར་གསལ།མ་དངུལ་སྒོར་དུང་ཕྱུར་30ཙམ་བཏང་བའི་འཛམ་གླིང་ཐོག་གི་ནང་བསྟན་རིག་གནས་གླིང་དེ་ཟླ་བ་བཅུ་པར་ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་དུ་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད།ནང་བསྟན་རིག་གནས་བརྗོད་དོན་གཙོ་བོར་བྱས་པའི་ཐོན་ལས་ཁུལ་དེ་འཛམ་གླིང་ཐོག་གི་ཡུལ་སྐོར་གྲགས་ཅན་གྲོང་ཁྱེར་ཏུན་ཧོང་གི་ཡུལ་ལྗོངས་གསར་པ་གཞན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད།

  ཏུན་ཧོང་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན།ས་བཟུང་རྒྱ་ཁྱོན་མུའུ་300ལྷག་ཙམ་ཟིན་པའི་ཏུན་ཧོང་གི་འཛམ་གླིང་ཐོག་གི་ནང་བསྟན་རིག་གནས་གླིང་ཁོངས་སུ་འཛམ་གླིང་རྒྱལ་བའི་རིང་བསྲེལ་ཞིབ་འཇུག་ལྟེ་གནས་དང་།སྟོང་སྐུ་བརྐོས་མ།འཛམ་གླིང་ཆོས་ཁང་ཆེ་མོ།ལྷ་ཚངས་པའི་ཕོ་བྲང་།འཛམ་གླིང་སྒོམ་སྒྲུབ་ལྟེ་གནས།ཆོས་ར།སྨོན་ལམ་ཐང་ཆེན་སོགས་གཏོགས་པ་དེ་དག་གིས་ནང་བསྟན་རིག་གནས་ཀྱི་སྙིང་བཅུད་མི་རྣམས་ཀྱི་མིག་ལམ་དུ་འབུར་དུ་བསྟན་རྒྱུ་རེད།

  ཏུན་ཧོང་ནི་གནའ་བོའི་དར་གོས་འགྲུལ་ལམ་ཐོག་གི་ཞག་སྡོད་ས་ཚིགས་གལ་ཆེན་ཞིག་རེད་ལ་ནང་བསྟན་ཀྲུང་ཡོན་ས་ཁུལ་དུ་རིམ་བཞིན་དར་བའི་ས་ཚིགས་དང་པོ་དེའང་རེད།ལོ་རྒྱུས་ཐོག་འཁོད་པར་གཞིགས་ན།ཧན་རྒྱ་རབས་ཤར་མའི་ཚུན་དུ་ནང་བསྟན་ཆོས་ལུགས་ཁྱབ་སྤེལ་གཏོང་བ་དང་ནང་བསྟན་རིག་གཞུང་ཡིག་སྒྱུར་བྱེད་པར་ཕེབས་མཁན་བླ་མ་སྐྱེས་ཆེན་རིམ་བྱོན་ཚང་མ་ཏུན་ཧོང་བརྒྱུད་ཀྲུང་ཡོན་ས་ཁུལ་དུ་ཕེབས་ཀྱི་ཡོད་པ་རེད།

  ལོ་ངོ་སྟོང་རིང་ནང་བསྟན་ཁྱབ་སྤེལ་བྱུང་བ་དེ་ལས་ཏུན་ཧོང་འདི་ཉིད་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ནང་བསྟན་ཆོས་ལུགས་དར་ཁྱབ་ཆེ་བའི་ཁུལ་ཞིག་ཏུ་གྱུར་པ་དང་མོ་ཀའོ་བྲག་ཕུག་ནང་དུས་རབས་བཞི་པ་ནས་དུས་རབས་བཅུ་བཞི་པ་བར་གྱི་ལོ་1000ལྷག་ཙམ་རིང་གི་འཇིམ་རྐོས་དང་ལྡེབས་རིས་ཉར་ཚགས་ཐུབ་པ་དེ་འཛམ་གླིང་ཐོག་གི་ནང་བསྟན་སྒྱུ་རྩལ་གྱི་རིག་གནས་ཀུན་བཏུས་དཔེ་དེབ་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ་མིའི་རིགས་ལའང་རྩ་བ་ཆེ་བའི་རིག་གནས་ཤུལ་བཞག་འབོར་ཆེན་ཞིག་ཀྱང་བཞག་ཡོད་པ་རེད།