བོད་སྐད་གློག་བརྙན་སྒྱུར་སྐྲུན་སྐོར་གྱི་བསམ་གཞིག་འགའ་གླེང་བ།

   པདྨ་རྒྱལ།(མཚོ་སྔོན་མི་རིགས་གློག་བརྙན་དང་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས། ཟི་ལིང་། 810008

  ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་གློག་བརྙན་སྒྱུར་སྐྲུན་གྱི་ཡིག་སྒྱུར་དང་སྐད་སྦྱོར་སྐོར་གྱི་དོ་སྣང་བྱེད་སྟངས་འགར་ཁོ་བོའི་ལོ་ངོ་སུམ་ཅུའི་རིང་གི་གློག་བརྙན་སྐད་སྦྱོར་གྱི་བྱ་བའི་ཉམས་མྱོང་དང་། གོ་ཐོས་སོགས་དཔེ་དང་རིགས་པས་བསྒྲུབས་ནས་ཀུན་ལ་ངོ་སྤྲོད་རགས་ཙམ་བྱས་ཡོད།

  བརྡ་ཆད་གཙོ་བོ། གློག་བརྙན་སྒྱུར་སྐྲུན། ཡིག་སྒྱུར། སྐད་སྦྱོར། རྩོམ་ཡིག་འབྱོར་ཉིན། 2016-02-26

  རྩོམ་པ་པོ་ངོ་སྤྲོད། པདྨ་རྒྱལ། ཕོ། མཚོ་སྔོན་མི་རིགས་གློག་བརྙན་དང་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས།〖 དཔེ་དེབ་དབྱེ་རྟགས། H059 ཡིག་ཚང་མཚོན་བྱང་། རྩོམ་ཡིག་སྒྲིག་ཨང་། 1005-2089(2017)02-116-03 

  སྤྱིར་མིའི་རིགས་ཀྱི་སྤྱི་ཚོགས་ནི་གདོད་མའི་སྤྱི་ཚོགས་ནས་བསྐལ་བ་ཡ་ཐོག་དང་བྲན་གཡོག་སྤྱི་ཚོགས་ནས་བཀོས་བཀོད་རྒྱུད་འཛིན་སྤྱི་ཚོགས་སོགས་སྤྱི་ཚོགས་ཀྱི་དུས་རིམ་མང་བོ་ཞིག་བརྒྱུད་པ་དང་བསྟུན་ནས་ལྷ་སྒྲུང་གི་དུས་རབས་ནས་ངག་ཐོག་གི་དུས་རབས་བརྒལ་ཞིང་ཡིག་ཐོག་གི་དུས་རབས་ནས་བརྙན་གཟུགས་ཀྱི་དུས་རབས་སུ་སླེབས་པའི་སྐབས་འདིར་རང་རེའི་བོད་མི་རིགས་ཀྱང་སྔོན་ཐོན་གྱི་མི་རིགས་གཞན་དང་འདྲ་བར་གློག་བརྙན་སྒྱུར་སྐྲུན་དང་ཕབ་སྐྲུན་གྱི་ལས་ལ་འབད་བཞིན་འདུག དེ་བས་ཁོ་བས་མི་ལོ་སུམ་ཅུ་ལྷག་རིང་གི་གློག་བརྙན་སྒྱུར་སྐྲུན་གྱི་བྱ་བའི་ཉམས་མྱོང་ཁྲོད་ཀྱི་དཀའ་གནད་མང་བོ་ཞིག་ཕྱོགས་བསྡོམས་བྱས་ཏེ་གློག་བརྙན་སྒྱུར་སྐྲུན་སྐབས་ཀྱི་ཡིག་སྒྱུར་དང་སྐད་སྦྱོར་སྐོར་གྱི་དོ་སྣང་བྱེད་སྟངས་འགའ་གཤམ་གསལ་ལྟར།

  དང་པོ། ཡིག་སྒྱུར་སྐོར་ཀྱི་དོ་སྣང་བྱེད་སྟངས།

  གཅིག གློག་བརྙན་ཡིག་སྒྱུར་སྤྱིར་བསྟན་པ།

  གློག་བརྙན་ཡིག་སྒྱུར་ཞིག་ཡིན་ན་ངེས་པར་དུ་མང་ཚོགས་ཀྱིས་གོ་སླ་བའི་དོན་སྒྱུར་གཙོ་བོ་བྱེད་དགོས། དེ་ཡང་གནའ་ནས་ད་བར་དུ་དོན་སྒྱུར་གོ་སླ་བ་དང་ཐད་སྒྱུར་གོ་དཀའ་བ་གཉིས་ཡོད། མི་རིགས་གང་ཞིག་སྐད་ཡིག་གིས་བརྩམས་པའི་རྩོམ་དང་བརྗོད་པའི་གཏམ་རྣམས། མི་རིགས་གཞན་ཞིག་གི་སྐད་ཡིག་གི་རྩོམ་དང་གཏམ་ཏུ་བསྒྱུར་འདོད་ཚེ། བྲིས་པའི་མ་ཡིག་གི་རྩོམ་དང་བརྗོད་པའི་མ་ཡིག་གི་གཏམ་དེའི་བརྗོད་གཞིའི་དོན་སྙིང་གཞིར་བཟུང་ནས་དེའི་འབྲི་ཚུལ་དང་བརྗོད་ཚུལ་གྱི་སྤྱི་འགྲོས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེ་སླར་ཡང་མི་རིགས་གཞན་དེའི་རྩོམ་འབྲི་ཚུལ་དང་གཏམ་བརྗོད་ཚུལ། ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེའི་འབྲི་ཚུལ་དང་བརྗོད་ཚུལ་གྱི་སྤྱི་འགྲོས་ལྟར་བསྒྱུར་དགོས། དེ་ལ་གོ་སླ་བའི་སྤྱི་འགྲོས་དོན་སྒྱུར་ཞེས་བྱ་བ་ཡིན། དོན་སྒྱུར་དེ་ནི་མི་རིགས་ཆེ་གེ་མོའི་འབྲི་ཚུལ་དང་བརྗོད་ཚུལ་དེ་སླར་ཡང་མི་རིགས་ཆེ་གེ་མོའི་འབྲི་ཚུལ་དང་བརྗོད་ཚུལ་གྱི་སྤྱི་འགྲོས་ཤིག་ཡོད་པ་ལ་བསྟུན་ཡོད། དེའི་ཕྱིར་གོ་སླ་བའི་དོན་སྒྱུར་དུ་གྱུར་ཡོད་དོ། །དེ་ལས་ལྡོག་སྟེ་མི་རིགས་ཆེ་གེ་མོའི་འབྲི་ཚུལ་དང་བརྗོད་ཚུལ་གྱི་སྤྱི་འགྲོས་དེ་དོར་མེད་ན་རྒྱ་མ་བོད་ཀྱི་སྐད་ཆ་མི་འབྱུང་རང་འབྱུང་ཡིན་པར་ངེས། དེ་ལ་གོ་དཀའ་བའི་ཐད་སྒྱུར་ཞེས་བྱ་བ་ཡིན། ཐད་སྒྱུར་ནི་མི་རིགས་གང་དེའི་མ་ཡིག་དེའི་འབྲི་ཚུལ་དང་བརྗོད་ཚུལ་གྱི་སྤྱི་འགྲོས་ཤིག་ཡོད་པ་དེར་བསྟུན་ཡོད་ཕྱིར་གོ་དཀའ་བའི་ཐད་སྒྱུར་དུ་གྱུར་ཡོད་དོ། །

  མདོར་ན་བོད་ཀྱི་ལོ་རྒྱུས་སྟེང་དུ་རྒྱ་གར་སོགས་ཀྱི་སྐད་ཡིག་རྣམས་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་ནས་གོ་སླ་བ་ཅན་དུ་འགྱུར་བར་བཀས་བཅད་ཆེན་པོ་གསུམ་གྱི་བར་བརྒལ་བརྒྱུད་ནས་ད་གཟོད་གོ་སླ་བ་ཅན་དུ་གྱུར་པ་ཡིན་ལ། མིག་སྔར་རྒྱ་ཡིག་དང་དབྱིན་ཡིག་སོགས་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་ནས་གོ་སླ་བ་ཅན་དུ་གྱུར་པའང་དེ་བཞིན་ཡིན།

  གཉིས། བརྡ་སྤྲོད་ལ་ཕལ་སྐད་ཀྱི་ཁྱད་ཆོས་ལྡན་དགོས་པ།

  ཡི་གེའི་སྤྱི་འགྲོས་ཀྱི་བརྡ་སྤྲོད་རིག་པ་མ་ཤེས་པ་མ་གཏོགས་ཡིག་སྒྱུར་ལ་རྗེས་འབྲས་ལེགས་པོ་ཞིག་འབྱུང་མི་སྲིད་པ་ནི་མངོན་གསལ་ཡིན་ཏེ། རྒྱུ་མཚན་ནི་ཡི་གེ་དེའི་སྤྱི་འགྲོས་དེས་ཡིག་སྒྱུར་པར་ཚོད་འཛིན་ཐེབས་པའི་ཕྱིར་ཡིན། ཡིན་ནའང་། གློག་བརྙན་བརྙན་ཡིག་ལ་ཡུལ་སྐད་ཀྱི་ཐ་སྙད་དག་གཙོ་ཆེ་བ་ཡིན་ལ་སྔར་གྱི་བསྟན་བཅོས་ཚད་ལྡན་དག་གི་ཐ་སྙད་དག་གཞིར་བྱས་ཏེ་མི་རྣམས་ལ་འབྲེལ་འདྲིས་བྱས་ན་གོ་མི་ཐུབ་པའང་མ་ཡིན་མོད། མིའི་རིགས་ཀྱི་བརྩེ་བ་དངོས་སམ་དམར་རྗེན་དུ་སྟོན་བྱེད། མིའི་རིགས་ཀྱི་གཤིས་ཀ་དང་སྤྱོད་ཆེ་བ། གདོད་གཤིས་དང་བར་ཐག་ཉེ་ཤོས་ནི་རང་བཞིན་གྱི་ཕལ་སྐད་ཡིན་པ་ལས་བསྟན་བཅོས་ཀྱི་ཐ་སྙད་སོགས་མིན། དེར་བརྟེན། གློག་བརྙན་བརྙན་ཡིག་བསྒྱུར་དུས་ཕལ་སྐད་གང་ཡིན་པ་དེ་གཞིར་བཞག་གིས་དེའི་ཐ་སྙད་སོགས་བཞག་ཆོག་མོད། ཡུལ་ལུང་གཞན་གྱིས་རྦད་དེ་གོ་ནོར་ཐེབས་ས་དེ་འདྲ་ཡོད་ན་ངེས་པར་དུ་སྤངས་དགོས། དེ་བས་གློག་བརྙན་བརྙན་ཡིག་ལོ་ཙཱ་ལ་ངེས་པར་དུ་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ལ་བྱང་ཆ་ཡོད་དགོས་སོ། །

  གློག་བརྙན་བརྙན་ཡིག་ལོ་ཙཱའི་ཁྲོད་ཀྱི་དཀའ་གནད་གཙོ་ཆེ་ཤོས་ནི་བརྡ་སྤྲོད་ཡིན། བརྙན་ཡིག་ལོ་ཙཱ་ནི་སྤྱིར་བཏང་གི་ལོ་ཙཱ་གཞན་དང་མི་འདྲ་བར་འདི་ནི་གཙོ་བོ་ཕལ་སྐད་དམ་འཚོ་བའི་ནང་རྒྱུན་སྤྱོད་ཀྱི་སྐད་ཆའི་སྤྱི་འགྲོས་ཇི་བཞིན་ལོ་ཙཱ་བྱེད་པ་ལས་བསྟན་བཅོས་སམ་རྩོམ་རིག་ཡིག་སྒྱུར་བྱེད་པ་ནང་བཞིན་བྱེད་མི་རུང་ངོ་། །ཡིག་སྒྱུར་དང་སྐད་སྒྱུར་གང་ཞིག་ཡིན་རུང་སྤྱི་འགྲོས་གཉིས་ཀྱི་ཐབས་ཤེས་བེད་སྤྱད་ནས་བསྒྱུར་དགོས་ལ། ཡིག་སྒྱུར་པས་ཡིག་སྐད་དང་སྤྱི་སྐད་ཐུན་མོང་བ་ལྟར་དུ་བསྒྱུར་ནས་སྐད་སྦྱོར་པས་ས་གནས་སོ་སོའི་ཡུལ་སྐད་ཐུན་མོང་མ་ཡིན་པའི་སྒྲ་གདངས་དང་བརྗོད་སྟངས་ལྟར་བརྗོད་ན་རྗེས་འབྲས་ལེགས་སྙམ།

  གཉིས་པ། སྐད་སྦྱོར་གྱི་དོ་སྣང་བྱེད་སྟངས་འགའ།

  གཅིག སྐད་སྦྱོར་བར་ཚང་དགོས་པའི་ཆ་རྐྱེན་སྤྱིར་བསྟན་པ།

  སྐད་སྦྱོར་ནི་གློག་བརྙན་སྒྱུར་སྐྲུན་གྱི་གོ་རིམ་ཆེས་གཙོ་བོ་ཞིག་ཡིན་ལ། གློག་བརྙན་སྒྱུར་སྐྲུན་གྱི་སྐད་སྦྱོར་བྱེད་སྟངས་ལ་མཉམ་འཇོག་དང་དོ་སྣང་བྱེད་དགོས་ས་མང་བོ་འདུག སྐད་སྦྱོར་པར་ངེས་པར་ཚང་དགོས་པའི་ཆ་རྐྱེན་ནི། 1.གསལ་ཞིང་དག་པའི་སྐད་ཆའི་ཆ་རྐྱེན་ཚང་དགོས། 2.ཕྱོགས་སོ་སོའི་སྐད་ཆའི་སྒྱུ་རྩལ་ལ་བྱང་ཚད་ལེགས་པོ་ཞིག་འཛོམ་དགོས་པར་མ་ཟད་བོད་རང་གི་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ལྡན་དགོས། 3.རིག་ཚན་གཞན་དག་ལའང་ཆ་རྒྱུས་ཡོད་དགོས། 4.གློག་བརྙན་ལས་མི་སྣའི་གཤིས་ཀ་དང་སྐད་ཆའི་ཉམས་འགྱུར་ལྡན་དགོས་པ་བཅས་སོ། །

  གཉིས། དམངས་ཕལ་བའི་སྐད་ཆ་དང་བརྡ་སྤྲོད་ཀྱི་ཆོས་ཉིད་ལ་བསྟུན་དགོས་པ།

  གློག་བརྙན་སྐད་སྦྱོར་པ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ནི་སྐད་ཆའི་ཆ་རྐྱེན་དེ་རེད། དེ་ལས་ང་ཚོ་བོད་ལ་མཚོན་ན་ཨམ་སྐད་དང་དབུས་སྐད། ཁམས་སྐད་སོགས་ཡུལ་སྐད་ཆེན་པོ་གསུམ་ཡོད་པ་ལས། ཨམ་སྐད་ཀྱི་ལམ་ནས་སྐད་སྦྱོར་བྱེད་མཁན་ཞིག་ལ་མཚོན་ནའང་། ཐོག་མར་སྨྲ་བརྗོད་དག་ཅིང་ཚིག་འབྲུ་གསལ་བ། བོད་ཀྱི་སུམ་རྟགས་དག་གསུམ་གྱི་གཞུང་ལུགས་ཀྱི་ཡི་གེའི་སྦྱོར་ཀློག་དང་མཐུན་དགོས་པ་ནི་ཆེས་རྩ་བར་གྱུར་པའི་ཆ་རྐྱེན་གཙོ་བོ་རེད། ད་ལྟ་དམངས་ཁྲོད་དུའང་གློག་བརྙན་བརྙན་འཕྲིན་སྐད་སྦྱོར་གྱི་ཀུང་ཟི་མང་བོ་བཙུགས་ཡོད་ལ། དེ་དག་ལས་སྐད་སྦྱོར་པ་ལ་ལ་ཞིག་གིས་སྐད་སྦྱོར་བྱས་པའི་སྐད་ཆ་དེ་རང་གི་ཡུལ་སྐད་དམ་ལུང་སྐད་ཀྱིས་ཤན་ཤུགས་ཐེབས་རྒྱུ་མང་དྲགས་ནས། ཨམ་སྐད་བཤད་པའི་ས་ཁུལ་མང་བོ་ཞིག་གིས་གོ་དཀའ་བས་རྐྱེན་གྱིས་སྐད་ཆའི་ཁྱབ་རྒྱའི་སྟེང་ཚད་བཀག་ཆེན་པོ་བཟོས་པ་དང་། དེ་ཡིས་སྐད་ཆའི་སྒྱུ་རྩལ་གྱི་ནུས་པ་དང་། གོ་བརྡ་སྤྲོད་པའི་ཐད་ལའང་བཀག་རྒྱ་བཟོས་ཡོད་པ་རེད། ང་ཚོས་ཨམ་སྐད་བཤད་པའི་སྐད་ཆའི་སྒྱུ་རྩལ་ལ་མཚོན་ན་ཨམ་སྐད་སྤྱོད་བཞིན་པའི་མི་བརྒྱ་ཆའི་དགུ་ཅུའི་ཡན་གྱི་མི་ཀུན་གྱིས་བདེ་ལེགས་ངང་གོ་ཐུབ་པ་ཞིག་བྱུང་ན་དེ་ནི་ང་ཚོའི་སྐད་ཆའི་སྨྲ་བརྗོད་དང་། ཚིག་འབྲུ་སོགས་ཀྱི་ཐད་ནས་གསལ་ཞིང་གོ་བདེ་བ་ཞིག་ཡིན་པ་དང་། བོད་ཀྱི་སུམ་རྟགས་དག་གསུམ་གྱི་གཞུང་ལུགས་ལ་ཧ་ཅང་མཐུན་པ་རེད་སྙམ།

  སྐད་སྦྱོར་པ་ཞིག་ལ་མཚོན་ན་སྨྲ་བརྗོད་དག་ཅིང་གསལ་བ་ཞིག་ཡིན་པའི་ཆ་རྐྱེན་སྟེང་། སྐད་ཆའི་སྒྱུ་རྩལ་དང་སྒྱུ་རྩལ་སྣ་ཚོགས་ཀྱི་བློ་སྦྱོང་ཡང་ཚད་ངེས་ཅན་ཞིག་འཛོམ་དགོས་པ་རེད། དཔེར་ན་མི་རིགས་གཞན་པའི་སྐད་ཆའི་སྒྱུ་རྩལ་གྱི་ལེགས་ཆ་བསྡུ་ལེན་དང་། བོད་རང་གི་འཚོ་བའི་ཁྲོད་ཀྱི་སྐད་ཆ་བཤད་སྟངས་དང་། མིང་བརྡ་སྦྱོར་སྟངས། གཏམ་དཔེ་བཤད་སྟངས། འཚོ་བ་སྣ་མང་ལས་ཚིག་ཉམས་སྣ་ཚོགས་ཀྱི་འདོན་སྟངས་སོགས་རྒྱུས་ལོན་དང་བྱང་ཆ་ཡོད་དགོས། ང་ཚོས་གློག་བརྙན་གང་ཞིག་ལ་སྐད་སྦྱོར་བྱེད་དུས་གློག་བརྙན་དེ་ལས་བྱུང་བའི་དུས་རབས་དང་། སྤྱི་ཚོགས། དོན་རྐྱེན་གྱི་རྒྱབ་ལྗོངས་ངེས་ཅན་ཞིག་གི་སྟེང་ནས་ཤེས་རྟོགས་བྱེད་དགོས་ལ། དེ་དག་གི་ཁྲོད་བྱུང་བའི་མི་སྣའི་ཐོབ་ཐང་དང་། རིགས་རྒྱུད། ལོ་ཚོད་སོགས་ལའང་ཞིབ་འཇུག་དང་ཤེས་རྟོགས་བྱེད་དགོས་པ་རེད། དཔེར་ན་རང་ཉིད་དངོས་སུ་སྐད་སྦྱོར་གྱི་བྱ་བར་ཞུགས་མྱོང་བའི་གློག་བརྙན་དང་། བརྙན་འཕྲིན་ཟློས་གར་མི་ཉུང་བ་ཞིག་ལས་ཉམས་མྱོང་དང་ཤེས་རྟོགས་བྱུང་བ་ཞིག་ལ། མི་སྣ་ཞིག་གི་ལོ་ཚོད་དང་ཐོབ་ཐང་། འཚོ་བའི་གོམས་སྲོལ་སོགས་གཙོ་བོར་བཟུང་ནས། སྐད་ཆའི་བཤད་སྟངས་དང་ཉམས་འདོན་སྟངས། སྐད་གདངས་ཀྱི་མཐོ་དམན། སྒྲའི་དྲག་ཞན། ཡང་ལྕི་སོགས་ཀྱང་དེ་དང་བསྟུན་ཞིང་འཚམས་པ་ཞིག་ཡིན་པ་ལས་གཞན། མིའི་འཚོ་བའི་གོམས་སྲོལ་ལས་གཤིས་ཀ་གྲུབ་པ་དང་། གཤིས་ཀ་སྣ་ཚོགས་ལས་སྐད་ཆ་བཤད་སྟངས་ཀྱང་མི་འདྲ་བ་གྲུབ་ ཡོད་པ་དེ་གསར་བཞེངས་བྱེད་རྒྱུ། དེ་ལས་ལྡོག་སྟེ་རང་ཉིད་ལ་གོམས་ཤིང་རང་ཉིད་ཁོ་ནའི་སྐད་གདངས་དང་སྐད་ཆ་བཤད་སྟངས་དེ་ཇི་མ་ཇི་བཞིན་སྐད་ཆའི་སྒྱུ་རྩལ་གྱི་གསར་སྐྲུན་མེད་པར་སྐད་སྦྱོར་བྱས་ཚེ། ཅི་འདྲའི་གློག་བརྙན་བཟང་ཤོས་ཤིག་ཡིན་ཡང་སྐད་ཆའི་སྒྱུ་རྩལ་གྱིས་དབེན་པས། བརྩམས་ཆོས་དེའི་ཆུ་ཚད་དང་རིན་ཐང་ཡང་ཇེ་དམའ་དང་ཉམས་ཞན་ལ་འགྲོ་ངེས་རེད། སྒེར་ཚུགས་ཀྱི་གློག་བརྙན་སྐད་སྦྱོར་ཀུང་ཟི་གང་མང་ཞིག་གིས་སྒྱུར་སྐྲུན་བྱས་པའི་སྐད་སྦྱོར་བརྩམས་ཆོས་གང་མང་ཞིག་གི་སྨྲ་བརྗོད་མི་དག་པ་དང་སྐད་ཆའི་སྒྱུ་རྩལ་དང་ཉམས་འགྱུར་མེད་པ། འཚོ་བའི་ཐ་སྙད་ཀྱིས་དབེན་པ་སོགས་ཀྱི་གནད་དོན་ཡོད་པས། འདིའི་ཐད་ལ་གློག་བརྙན་སྐད་སྦྱོར་ལས་རིགས་ཀྱིས་རང་ཉིད་ཀྱི་ཁེ་ཕན་ཁོ་ནར་བསམས་ནས། སྐད་སྦྱོར་གྱི་སྐད་ཆའི་སྒྱུ་རྩལ་དང་རིན་ཐང་རྩ་མེད་དུ་གཏོང་ཉེན་ཡོད་པས། སྐད་སྦྱོར་པས་སྐད་སྦྱོར་བྱེད་དུས་ཐོག་མར་བརྩམས་ཆོས་དང་། མི་རིགས། རང་ཉིད་ཀྱི་ལས་ཀ་ལ་འགན་ཁུར་གྱི་འདུ་ཤེས་ལྡན་དགོས།

  གློག་བརྙན་སྐད་སྦྱོར་ལས་རིགས་ནི་ལག་རྩལ་དང་སྒྱུ་རྩལ་ཟུང་འབྲེལ་གྱི་བྱེད་ལས་ཤིག་ཡིན་ལ། ཉེ་བའི་ལོ་འགའི་རིང་ལ་སྒྲ་ལེན་དང་སྒྲིག་སྦྱོར་སོགས་ཀྱི་ལག་རྩལ་ཡང་གོང་འཕེལ་དུ་འགྲོ་བཞིན་ཡོད་ལ། འཕྲུལ་ཆས་དང་མཉེན་ཆས་ཀྱི་ཁྱད་ཆོས་དང་། ནུས་པ་སོགས་བཀོལ་སྤྱོད་ཀྱི་ཐད་ལའང་རྒྱུས་ལོན་ལེགས་པོ་ཞིག་བྱེད་དགོས་པ་རེད། དཔེར་ན་སྐད་གདངས་ཀྱི་མཐོ་དམའ་དང་སྐད་སྦུག་གི་བར་ཐག སྐད་ཆའི་ཡང་ལྕི་སོགས་ཀྱི་ཐད་ནས་ཀྱང་སྐད་སྦྱོར་པ་ཞིག་ལ་མཚོན་ན་དེ་དག་གི་ཁྱད་ནུས་དང་བསྟུན་དགོས་ལ། རང་ཉིད་ཀྱིས་ངེས་པར་དུ་འདུག་གནས་དང་། སྐད་སྦུག་གི་བར་ཐག་སོགས་ལའང་ཡིད་འཇོག་བྱེད་དགོས་པ་རེད།

  མདོར་ན་གློག་བརྙན་དང་བརྙན་འཕྲིན་སྒྱུ་རྩལ་ལག་རྩལ་འཕེལ་རྒྱས་སུ་འགྲོ་བཞིན་པའི་དུས་འདིར། སྐད་སྦྱོར་པའི་རིག་གནས་ཆུ་ཚད་དང་། སྒྱུ་རྩལ་བློ་སྦྱོང་། ལག་རྩལ་ཤེས་བྱ་སོགས་ཀྱི་ཐད་ནས་ཀྱང་ཚད་ངེས་ཅན་ཞིག་གི་སྟེང་ནས་གོང་འཕེལ་དུ་གཏོང་དགོས་པ་ནི་ཆེས་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་ནོ། །

2017ལོའི་དེབ་གཉིས་པ།