སྙན་སྒྲོན་པའི་སྐད་ཆའི་ཁྲོད་ཀྱི་རྗེས་འཇུག་གི་སྒྲའི་འགྱུར་ཚུལ་རོབ་ཙམ་གླེང་བ།

  ཚེ་རིང་སྒྲོལ་མ།

  (མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན། ཟི་ལིང་། 810001) ནང་དོན་གནད་བསྡུས། རྗེས་འཇུག་ཡི་གེ་བཅུ་བོ་མིང་འགྲུབ་བྱེད་ཀྱི་ཡི་གེ་གཞན་དང་འཕྲད་པའི་སྟོབས་ཀྱིས་སྐྱེ་བོའི་ངག་ལས་སྒྲ་ཐོན་པའི་ཚེ། སྒྲའི་རྩོལ་བ་ཇེ་ཞན་དུ་སོང་བ་དང་། གཞན་དུ་འགྱུར་བ། བོར་ཡོད་པ་དང་། དེ་ཡང་མདོ་དབུས་ཁམས་གསུམ་གྱི་སྙན་སྒྲོན་པའི་སྐད་ཆའི་ཁྲོད་ཀྱི་རྗེས་འཇུག་གི་འགྱུར་ཚུལ་དང་སྦྲགས་ཏེ། དེ་ལ་ལོ་རྒྱུས་ཀྱི་འཕྲེད་ངོས་དང་གཞུང་ངོས་ནས་དཔྱད་པ་བཏང་སྟེ། རྗེས་འཇུག་གི་སྒྲའི་འགྱུར་ཚུལ་དེ་རྙོག་འཛིང་ནས་སྟབས་བདེ་དང་། སྒྲ་ལྕི་བ་ནས་ཡང་མོའི་ཕྱོགས་སུ་འཕེལ་བཞིན་ཡོད་ཅིང་། དེ་ནི་སྐད་ཆའི་འཕེལ་རྒྱས་ཀྱི་ཆོས་ཉིད་ཅིག་ཡིན་པ་བསྟན་ཡོད། བརྡ་ཆད་གཙོ་བོ། སྙན་སྒྲོན། སྐད་ཆ། རྗེས་འཇུག སྒྲའི་འགྱུར་ཚུལ། རྩོམ་ཡིག་འབྱོར་ཉིན། 2016-11-26  རྩོམ་པ་པོ་ངོ་སྤྲོད། ཚེ་རིང་སྒྲོལ་མ། མོ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་བོད་སྐད་རླུང་འཕྲིན་ཁང་། དཔེ་དེབ་དབྱེ་རྟགས། G220 ཡིག་ཚང་མཚོན་བྱང་། A〖WTBZ〗 རྩོམ་ཡིག་སྒྲིག་ཨང་། 1005-2089(2017)01-107-08 སྐད་ཆ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཡུན་རིང་འཕེལ་འགྱུར་བྱས་པ་ལས་བྱུང་བ་ཞིག་ཡིན་པ་དང་། མི་རིགས་མི་འདྲ་བ་ལས་སྐད་ཆའི་གདངས་ཀྱི་དབྱུང་ཚུལ་མི་འདྲ་བ་དེ་ཡང་ས་གནས་རང་གའི་སྐད་ཀྱི་མ་ལག་མི་འདྲ་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། བོད་སྐད་ཀྱི་གདངས་ནི་བོད་རང་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་ཞིང་། འདིར་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཀྱི་ཚབ་མཚོན་དུ་གྱུར་པའི་སྙན་སྒྲོན་པའི་སྐད་ཆ་གཞིར་བཟུང་ནས། རྗེས་འཇུག་གི་འགྱུར་ཚུལ་ཅུང་ཟད་བརྗོད་འདོད་པ་ལ། ཐོག་མར་བརྡ་གསར་རྙིང་དང་། ཁ་སྐད་དང་ཡིག་སྐད་ཀྱི་རྗེས་འཇུག་གི་འགྱུར་བ་དག་དང་སྦྲགས་ནས་རེ་རེ་བཞིན་གླེང་བར་བྱ་སྟེ།

  དང་པོ། བརྡ་གསར་རྙིང་གི་ཁྱད་པར་མི་འདྲ་བར་རག་ལས་པ།

  བོད་ཀྱིས་ད་ལྟ་སྤྱོད་བཞིན་པའི་ཡི་གེ་བྱུང་ནས་ལོ་ངོ་སྟོང་གཅིག་དང་སུམ་བརྒྱ་ལྷག་འགོར་བའི་རིང་། ཡི་གེ་ལ་འགྱུར་བ་ཆེར་བྱུང་མེད་དེ། ད་ལྟ་ཡང་བཙན་པོ་དུས་སྐབས་ཀྱི་རྡོ་རིང་དང་གནའ་བོའི་ཡིག་རྙིང་སོགས་ལ་བལྟས་ཚེ་བཀླག་ཐུབ་པ་དང་དོན་རགས་རིམ་ཙམ་གོ་ཐུབ་པ་ལས་རྟོགས་ནུས་ཤིང་། གཞན་ཡང་ད་ལྟའི་ཡུལ་སྐད་སོ་སོའི་ཁྲོད་གནས་པའི་དཔེ་དོན་ཁྱད་པར་བ་མང་ཤོས་གནའ་རབས་བོད་སྐད་ལས་བྱུང་བར་བསྒྲུབ་ཐུབ་པས་གནའ་དེང་གི་བོད་སྐད་ནི་ཕན་ཚུན་ལྟོས་ཟླའི་འབྲེལ་བ་མངོན་གསལ་ཆགས་ཡོད་པ་ཤེས་ཐུབ་མོད། འོན་ཀྱང་ཡུལ་ཕྱོགས་ཀྱི་གྱེས་འགྱེད་དང་དུས་ཡུན་གྱི་འགོར་འགྱངས་ལས་སྐད་བརྡ་གང་ཞིག་ཡིན་རུང་འགྱུར་ལྡོག་མང་དུ་བྱུང་མཐར་ཡུལ་སྐད་དང་ལུང་སྐད་ཁག་མང་པོར་གྱེས་ཡོད་པ་རེད། དེ་ན་བརྡ་གསར་རྙིང་གི་དུས་མཚམས་དབྱེ་སྟངས་ཏེ། ལི་ཤུའི་གུར་ཁང་གི་མགོ་བརྗོད་དུ། དུས་རབས་དགུ་བའི་ནང་ཁྲི་རལ་བ་ཅན་གྱི་སྐབས་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་དང་། དེའི་རྗེས་ཀྱི་དུས་རབས་བཅུ་བའི་མཇུག་ཏུ་ལྷ་བླ་མ་བྱང་ཆུབ་འོད་དུས་ཀྱི་སྒྲ་བསྒྱུར་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་སོགས་ཀྱིས་སྐབས་དེའི་སྤྱི་ཚོགས་དང་སྐད་ཡིག་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་སོ་སོར་སྐད་གསར་བཅད་ཐེངས་གསུམ་མཛད་པར་གྲགས་ལ། དེ་ལས་བརྡ་གསར་རྙིང་གི་དབྱེ་མཚམས་དེ་ཁྲི་རལ་བ་ཅན་དུས་སུ་བཀས་བཅད་བྱས་པ་དེ་མཚམས་བྱས་ནས། དེའི་སྔོན་གྱི་བརྡ་ལ་བརྡ་རྙིང་མ་དང་། དེའི་རྗེས་ཀྱི་བརྡ་ལ་བརྡ་གསར་མར་གྲགས་ཞེས་འཁོད་ཡོད། བརྡ་གསར་རྙིང་གི་འགྱུར་བ་དེ་ཡང་བོད་སྤྱི་ཚོགས་འཕེལ་འགྱུར་གྱི་ལོ་རྒྱུས་དང་དཀྱུས་གཅིག་ཏུ་འབྲེལ་ཡོད་པས། གཤམ་ནས་དེ་གཉིས་བར་གྱི་འགྱུར་བ་དང་འཕེལ་ཚུལ་སྐོར་ཅུང་ཙམ་གླེང་བར་བྱས་ན།

  གཅིག རྗེས་འཇུག་གི་སྒྲ་ལྡན་སྒྲ་མེད་འགྱུར་ཚུལ། བོད་ཡིག་གསར་བཟོ་མཛད་དུས་རྗེས་འཇུག་ག་དང་། བ། ད་གསུམ་པོའི་གདངས་དེ་གསལ་བོར་ཐོན་བཞིན་ཡོད་ལ། སྐུ་ཞབས་ཀྲང་ཆིས་ཁྲོན་གྱིས་བརྡ་རྙིང་གི་ག་ད་བ་གསུམ་གྱི་སྒྲ་དེ་ཆེས་ཐོག་མར་ཀློག་འདོན་བྱེད་བཞིན་ཡོད་དེ། རྒྱུ་མཚན་ཅི་ཡིན་ཟེར་ན། བོད་ཡིག་ནི་ལེགས་སྦྱར་སྐད་ལ་ལྟོས་ནས་བཟོས་པ་ཞིག་ཡིན་པས། ལེགས་སྦྱར་གྱི་ཡིག་སྐད་དུ་འགག་གཙུབ་ཀྱི་སྒྲ་དེ་སྒྲ་མེད་ལྟར་འབྲི་སྲོལ་འདུག་པ་དང་། གལ་ཏེ་བོད་ཡིག་གསར་བཏོད་མཛད་སྐབས་འགག་གཙུབ་ཀྱི་སྒྲ་ལེན་སྟངས་མེད་ན། ལེགས་སྦྱར་སྐད་ལྟར་སྒྲ་མེད་མི་འབྲི་བའི་རྒྱུ་མཚན་ཅི་ཞིག་རེད་ཅེས་པ་ལས་བོད་ཡིག་གསར་བཟོ་མཛད་དུས་དང་དེའི་རྗེས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་ནང་རྗེས་འཇུག་གི་འགག་གཙུབ་ཀྱི་སྒྲ་གསལ་བོར་ཐོན་ཚུལ་ཡོད་པ་ཤེས་ཐུབ་སྟེ། དཔེར་ན། ་

  ལྟ་བུ་ལས་བརྡ་རྙིང་མའི་རྗེས་འཇུག་ག་དེ་བརྡ་གསར་མའི་ནང་དུ་ང་རུ་འགྱུར་ཡོད་ལ། རྗེས་འཇུག་ད་རྗེས་འཇུག་ན་རུ་འགྱུར་བ་དང་། བ་དེ་སྒྲ་ལྡན་ནས་སྒྲ་མེད་ཀྱི་ཕྱོགས་སུ་འཕེལ་ཡོད་པ་དང་། དེ་ལས་བརྡ་གསར་རྙིང་གི་རྗེས་འཇུག་རྣམས་སྒྲ་ལྕི་བ་ནས་ཡང་བའི་ཕྱོགས་སུ་འཕེལ་གྱིན་ཡོད་པ་རྟོགས་ཐུབ།

  བཟང་བོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་བ་བྲིས་མ་ཁ་འཐོར་འདིར་མཚོན་ན། རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སམ་དེའི་ཡར་སྔོན་ཙམ་ནས་སྐད་གསར་བཅད་ཐེངས་དང་པོའི་སྒྱུར་ཐབས་སྤྱད་ཅིང་ཡི་གེའི་སྐྱེ་གནས་འདྲ་བ་རྒྱུ་མཚན་དུ་བགྱིས་ནས། མིང་གཞིའི་སྡེ་པ་གཅིག་པའི་རྗེས་འཇུག་ངའི་དོད་དུ་ག་བཞག་པ་དཔེར་ན། གང་ལ་གག་ལྟ་བུ་དང་། སྔོན་འཇུག་དང་མགོ་ཅན་ཡོད་པའི་མིང་གཞིའི་རྗེས་སུ་འ་བཞག་པ་བགྱི་ལ་བགྱིའ་ཞེས་པ་ལྟ་བུ་དང་། མིང་གཞིའི་ཡི་གེ་རྐྱང་བའི་རྗེས་སུ་འ་བཞག་པ་དཔེར་ན། པའ། ལྟ་བུ་དང་། ཡང་དཔེར་ན། དཔེའ་བྱད་ཅེས་པ་ལྟ་བུའང་ཡོད་ལ། མིང་གཞིའི་ཡི་གེ་ཕལ་མོ་ཆེའི་རྗེས་སུ་འ་བཞག་པ་དེ་ནི་སྔོན་སྐད་གསར་བཅད་མཛད་སྐབས་ཚིག་ཚོགས་བསྐྱུང་སླད་དོར་བ་ཡིན་པས། ད་ལྟ་བེད་སྤྱོད་གཏོང་མཁན་མེད་ཞེས་བྲིས་ཡོད་པ་དང་། དེ་ལས་རྗེས་འཇུག་བཅུ་ལས་སྐོར་ཞིག་གདངས་གཞན་དུ་འགྱུར་བ་དང་། ལ་ལ་ཞིག་དགོས་པའི་དབང་གིས་དོར་བ་སོགས་ཡོད་ཀྱང་། བོད་རང་སྐད་ལྟར་འགྲེལ་ན་དེ་ནི་སྐབས་དེར་བོད་ཀྱི་སྐད་གདངས་དང་བསྟུན་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པར་གོ་བ་ལེན་ཆོག་པ་རེད།

  གཉིས། ད་དྲག་གི་འགྱུར་ཚུལ། སློབ་དཔོན་ཐོན་མིས་ཡང་འཇུག་ཅེས་རྩ་བ་ལས་དམིགས་སུ་མ་བསྟན་ཡང་། ལག་ལེན་ལས་སུམ་ཅུ་བའི་རྩ་བར་དངོས་སུ་བསྟན་ཡོད་དེ། བསླབ་པ་ཀུན་གྱི་གཞི་འཛིན། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། ཞེས་ན་ཡི་རྗེས་སུ་ཡང་ཐོབ་ཀྱང་། ཡང་འཇུག་ད་དྲག་ཐོབ་པ་གཞིར་བཅས་ཏེ་ནའི་རྗེས་སུ་ཅིང་ཐོབ་པར་བྱས་ཡོད། དེར་བརྟེན། བོད་སྐད་ཀྱི་སྒྲ་གདངས་དང་བསྟུན་ནས་ཕྱིས་ཀྱི་མཁས་པས་ཡང་འཇུག་ད་དང་ས་དྲག་ཡོད་པར་བཞེད་དེ། དུས་སྐབས་ངེས་ཅན་ཞིག་ཏུ་ཡིག་སྲོལ་ལ་དེ་ལྟར་བྲིས་པ་དང་། དེ་ལས་སྔོན་ཆད་ཀྱི་སྐད་ལ་ད་དྲག་དང་ས་དྲག་ཟུར་ཕྱིན་ནས་ཀློག་སྲོལ་ཡོད་པའང་ཤེས་ཐུབ། དུས་སྐབས་ནམ་ཞིག་ལ་ཡང་འཇུག་ད་དྲག་ཏེ་དགོས་དབང་གིས་དོར་བ་རེད་ཟེར་ན། བསྟན་འགྱུར་ཁྲོད། བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་བཀས་བཅད་ཐེངས་གཉིས་པ་མཛད་པའི་སྐབས་སུ་ད་དྲག་དོར་བར་བཞེད་ཀྱང་། ས་པཎ་གྱིས། ན་ར་ལ་གསུམ་རྗེས་སུ་ནི། །ཕྱིནད། གྱུརད། རོལད། སྒྲ་སྒྱུར་སྔ་མ་སྐ་བ་དཔལ་བརྩེགས་ལ་སོགས་པ། ས་དྲག་བཞེད། དེ་ལ་ཅིང་ཅེས་ཅིག་འཐོབ་ཀྱང་། །ཕྱི་མ་རྔོག་ལོ་དཔང་ལོ་ལ་སོགས་པ་རྣམས་ཀྱིས་ད་དྲག་དོར་ཞེས་གསུངས་ཡོད། གོང་གི་ལུང་ཚིག་ལས་ད་དྲག་དོར་པའི་དུས་མཚམས་དེ་དོན་དངོས་སུ་རྔོག་ལོ་དཔང་ལོ་སོགས་ཀྱི་སྐབས་སུ་ཡིན་པ་ཤེས་ཐུབ། ས་དྲག་ད་ལྟའི་བར་དུ་ཡིག་སྲོལ་ལ་འབྲི་རྒྱུ་བྱུང་བ་དེ་ནི་ས་དྲག་དོར་ན་དོན་ལ་འཁྲུལ་བ་ཡོང་སྲིད་པའི་རྒྱུ་མཚན་ཞིག་ཀྱང་ཡོད་འདུག ཡིན་ཡང་། བརྡ་རྙིང་བ་དང་། ཡིག་སྐད། ཡུལ་སྐད་ཁྲོད་དུ། རྗེས་འཇུག་བོར་ནས་ཡང་འཇུག་གི་སྒྲ་ལེན་པ་དང་། ཡང་འཇུག་བོར་ནས་རྗེས་འཇུག་གི་སྒྲ་ཀློག་སྟངས་ཡང་མང་པོ་ཞིག་མཐོང་རྒྱུ་འདུག་སྟེ། དཔེར་ན།

  བརྡ་རྙིང་། བརྡ་གསར།

  ཆེད་པོ། ་←ཆེནད་པོ→ ་ཆེན་པོ།

  རྒད་པོ་←རྒནད་པོ→་རྒན་པོ།

  བཙད་ཕོ། ་←བཙནད་པོ→་བཙན་པོ།

  སྐབས་རེར་ཡང་འཇུག་གི་སྒྲ་ཐོན་པ་དང་སྐབས་རེར་རྗེས་འཇུག་གི་སྒྲ་གསལ་བར་ཐོན་པའི་དཔེ་གཞི་མང་པོ་ད་ལྟའི་ཐ་སྙད་གཞན་པ་ལས་ཀྱང་མཐོང་རྒྱུ་འདུག་སྟེ། 《དེབ་དཀར》དུའང་། གནའི་ཐ་སྙད་ལ་རྗེས་འཇུག་གི་ད་ན་གཉིས་བརྗེས་པ་ཤིན་ཏུ་མང་སྟེ། དཔེར་ན། བཙན་པོ་ལ་བཙད་པོ་དང་། ཆུན་པོ་ལ་ཆུད་པོ་སོགས་རེས་མོས་སུ་བརྗེས་སྲིད་པས་སོ། །ཞེས་གསུངས་པ་དང་། དེ་ནི་ཀློག་བདེ་བའི་ཆེད་དུ་ཁ་ནས་གདངས་འགྱུར་བ་གང་ཡིན་མི་ཤེས་ཀྱང་། སྔོན་ཆད་ཀྱི་ཡིག་རྙིང་དུ་རང་དང་སྡེ་བ་གཅིག་པའི་ཡི་གེ་ནང་ཕན་ཚུན་བརྗེས་ཏེ་འབྲི་བ་མང་དུ་མཐོང་རྒྱུ་འདུག་ལ། དེ་ནི་རྗེས་འཇུག་ཡི་གེའི་སྐྱེ་གནས་འདྲ་མཚུངས་ཡིན་པས། སྒྲ་ནང་ཁུལ་དུ་ཕན་ཚུན་འགྱུར་ནས་གདངས་གཞན་དུ་འགྱུར་ཡོད་པ་རེད།

  གསུམ། རྗེས་འཇུག་ཕན་ཚུན་བརྗེ་བ། ཡིག་རྙིང་གི་ནང་དུ་རང་དང་སྡེ་བ་གཅིག་པའི་ཡི་གེ་ཕན་ཚུན་བརྗེས་ནས་འབྲི་བའི་སྣང་ཚུལ་མང་པོ་ཞིག་མཐོང་རྒྱུ་ཡོད་པ་དང་། དེ་ཡང་བཙན་པོའི་དུས་སྐབས་ཀྱི་ཡིག་སྲོལ་གྱི་ཁྱད་ཆོས་ཞིག་གམ་ཆོས་ཉིད་ཅིག་ཏུ་བརྗོད་ཆོག་པར་སེམས། དཔེར་ན།

  བརྡ་རྙིང་། ་བརྡ་གསར།

  ཆུན་མ། ་ཆུང་མ།

  གཙམ། ་གཙང་།

  པུད་མོ། ་པུས་མོ།

  རྗེས་འཇུག་མ་ན་ང་གསུམ་ནི་སྣ་སྒྲ་ཡིན་པ་དང་། སྒྲ་ནང་ཁུལ་དུ་ཕན་ཚུན་འགྱུར་སླ་བས། ཆུན་མ་ཞེས་པའི་རྗེས་འཇུག་ན་དེ་ང་རུ་འགྱུར་བ་དང་། གཙམ་ཞེས་པའི་རྗེས་འཇུག་མ་དེ་ང་རུ་འགྱུར་བ་རེད། པུད་ཅེས་པའི་རྗེས་འཇུག་ད་རྗེས་འཇུག་ས་རུ་ཇི་ལྟར་འགྱུར་བ་རང་ལ་ལྟ་རྒྱ་དང་མཐོང་རྒྱ་དོག་པའི་རྐྱེན་གྱིས་བོད་རང་གི་གཞུང་ལས་འགྲེལ་བ་གསལ་ཁ་དོད་པ་ཞིག་བརྒྱབ་ཡོད་པ་མ་མཐོང་བ་དང་། གནའ་བོའི་ཡིག་རྙིང་ཁག་ཏུ་དེ་འདྲ་བའི་ཡི་གེ་བྱུང་བ་ཤིན་ཏུ་ཉུང་ཡང་། སྐུ་ཞབས་པེ་པོ་ལའོ་ཡིས་བཞེད་ཚུལ་ལྟར་ན། ད་ནི-dsལས་འགྱུར་ཡོང་བ་ཞིག་ཡིན་ཞིང་། ས་ཡིག་ཀྱང་འཇུག་ཏུ་ཐོབ་པའི་རྗེས་འཇུག་ཡི་གེ་ནི-g,-b,-m,-ηབཅས་ཡིན་པ་ལས། ལྕེ་རྩེ་ལས་ཐོན་པའི་ད་སྒྲའི་ཡི་གེའི་རྗེས་སུ་ཐོབ་ཀྱི་མེད་ཀྱང་། སྔོན་ཆད་ཀྱི་བཙན་པོའི་དུས་སྐབས་སུ་ད་ཡི་རྗེས་སུ་ཡང་འཇུག་ས་ཐོབ་པའི་འབྲི་སྲོལ་ཞིག་ངེས་པར་ཡོད་འདུག་ཟེར། དེ་ལྟར་ན་གནའ་བོའི་སྐད་ལ་རྗེས་འཇུག་ས་ཡང་ད་ལྟར་བཀླག་སྲོལ་མེད་ཟེར་བའི་ཁ་ཚོན་གཅོད་དཀའ་བར་འདུག ད་དུང་རྙིས་པ(བརྡ་རྙིང) རྙིང་པ(བརྡ་གསར)དང་། གར་ཡང(བརྡ་རྙིང) གང་ཡང(བརྡ་གསར) (བརྡ་རྙིང)བཏའ། (བརྡ་གསར)ལ་བཏང་། (བརྡ་རྙིང)དབུང་། (བརྡ་གསར)ལ་དབུས། (བརྡ་རྙིང)འཇུད་པ། (བརྡ་གསར)ལ་འཇུག་པ། (བརྡ་རྙིང)ཁྱར། (བརྡ་གསར)ལ་ཁྱབ་སོགས་བརྡ་གསར་རྙིང་གི་འགྱུར་ཚུལ་མང་པོ་ཞིག་ཡོད་ཀྱང་། དེ་དག་གང་འདོད་དུ་འགྱུར་བཅོས་བཏང་བ་མ་ཡིན་པར་བོད་ཀྱི་ཡུལ་སྐད་ཁག་ཅིག་ལ་བརྡ་སྐད་རྙིང་བ་བཞིན་དུ་སྤྱོད་བཞིན་ཡོད་པ་ཕྱིས་སུ་སྐད་གང་ཞིག་བཀོལ་རྒྱ་ཆེ་བར་དགོངས་ནས་བརྡ་གསར་བ་ལྟར་འགྱུར་བཅོས་བཏང་བ་ཞིག་ཡིན་ཡང་སྲིད།

  གོང་གི་བརྡ་གསར་རྙིང་གི་རྗེས་འཇུག་འགྱུར་ཚུལ་སྤྱི་ལ་བལྟས་ན། གདངས་རྣམས་སྒྲ་ལྕི་བ་ནས་ཡང་བ་དང་། གྲིམ་པ་ནས་ལྷོད་པ། རྙོག་འཛིང་ནས་སྟབས་བདེའི་ཕྱོགས་སུ་འཕེལ་ཡོད་པ་དང་། སྐད་གསར་བཅད་རིམ་པར་མཛད་པར་བརྟེན་ཡིག་སྐད་ཀྱི་རྗེས་འཇུག་གི་འཇུག་ཚུལ་དེ་ཅུང་བརྟན་ཆགས་སུ་བཏང་ཡོད་པ་རེད།

  གཉིས་པ། ཡུལ་སྐད་ཀྱི་ཤན་ཐེབས་ཚུལ་མི་འདྲ་བར་རག་ལས་པ། སྤྱིར་ཡུལ་སྐད་ཅེས་པའི་ཐ་སྙད་འདི་ལ་རྒྱལ་ཁབ་དང་མི་རིགས་སོ་སོར་གོ་བ་ལེན་ཚུལ་འདྲ་མིན་སྣ་ཚོགས་ཤིག་ཡོད་མོད། འོན་ཀྱང་ང་ཚོས་སྤྱི་ལྡོག་ནས་གོ་བ་སླ་མོར་བླངས་ན། ཡུལ་སྐད་ཅེས་པ་ནི་སྐད་བརྡ་ཞིག་གི་ཡན་ལག་གྱེས་སྟངས་མི་འདྲ་བ་དང་འགྱུར་གཟུགས་མི་འདྲ་བ་ལ་གོ དེས་ན་མི་རིགས་ཤིག་གི་སྐད་བརྡའི་ཡན་ལག་གམ་འགྱུར་གཟུགས་ལས་བྱུང་བའི་ཡུལ་སྐད་ཁག་སོ་སོར་གཉེན་ཚན་ཡུལ་སྐད་ཅེས་ཀྱང་བརྗོད་ཆོག་སྟེ། དེ་ལ་ཐུན་མོང་གི་ལོ་རྒྱུས་བྱུང་བ་དང་། ཐུན་མོང་གི་མིང་བརྡ་དང་བརྡ་སྤྲོད་ཀྱི་སྒྲིག་གཞི་བཅས་ཡོད་པར་མ་ཟད། སྒྲ་གདངས་ཀྱི་ཐད་ནས་ཀྱང་ཕན་ཚུན་ལྟོས་ཟླའི་འབྲེལ་བ་ངེས་ཅན་གྲུབ་ཡོད་པ་ཡིན། ཡུལ་སྐད་ནི་སྐད་བརྡ་དང་ལྟོས་བཅས་ཀྱིས་བརྗོད་པ་ཡིན་ལ། དེ་གཉིས་ཀྱི་འབྲེལ་བ་སྤྱི་བྱེ་བྲག་ལྟར་མངོན་ཡོད་དེ། སྐད་བརྡ་སྤྱི་དང་ཡུལ་སྐད་བྱེ་བྲག་ཏུ་ངོས་འཛིན་དགོས། ཡང་སྐད་བརྡ་དང་སྐད་ཆའི་འབྲེལ་བའང་སྤྱི་བྱེ་བྲག་ལྟར་ཡོད་པས་ང་ཚོས་ཡུལ་སྐད་དེ་སྐད་ཆའམ་ཁ་སྐད་དུ་གོ་བ་བླངས་ཀྱང་འགྲིག་སྙམ། མཁས་དབང་དུང་དཀར་ཚང་གིས་གནའ་རབས་བོད་ཡིག་གི་དཔེ་ཆའི་ནང་། ས་གནས་སོ་སོའི་སྐད་ལ་ཡུལ་སྐད་ཟེར་ཞེས་གསུངས་ཡོད་པ་དང་། མི་རིགས་ཤིག་གི་སྐད་ལ་ཡུལ་སྐད་མི་འདྲ་བ་མང་པོ་ཆགས་པ་དེ་སྤྱི་ཚོགས་འཕེལ་འགྱུར་ལས་བྱུང་བའི་སྣང་ཚུལ་ཞིག་ལ་ངོས་འཛིན་བྱས་ཆོག་པས། དུས་ཡུན་རིང་བོའི་སྤྱི་ཚོགས་འཕེལ་རྒྱས་ཁྲོད་མི་རྣམས་ཀྱིས་བསམ་བློ་བརྗེ་རེས་དང་འབྲེལ་འདྲིས་ཀྱི་ཡོ་བྱད་དུ་བཀོལ་བ་ནི་ཁ་སྐད་ཡིན་ལ། ཁ་སྐད་ཀྱི་སྒྲ་གདངས་རྨང་གཞིའི་སྟེང་ད་གཟོད་ཡི་གེ་གསར་བཟོ་མཛད་པ་ཡིན་པས། གཤམ་ནས་ཁ་སྐད་ཁག་ཅིག་གི་མི་འདྲ་ས་ཕན་ཚུན་ཞིབ་བསྡུར་བྱས་ན།

  གོང་གི་ཡུལ་སྐད་ཆེན་པོ་གསུམ་གྱི་རྗེས་འཇུག་གི་འགྱུར་བར་བལྟས་ན། ལྷ་ས་དང་ཨམ་སྐད་ཀྱི་རྗེས་འཇུག་གི་སྒྲ་སོར་འཇོག་བྱས་པ་མང་བ་དང་། སྡེ་དགེ་སྐད་ཀྱི་རྗེས་འཇུག་ལ་འགྱུར་བ་བྱུང་ནས་ཕལ་ཆེར་སྒྲ་གཞན་དུ་འགྱུར་བ་ཤས་ཆེ། དེ་ལས་ཀྱང་ལྷ་སའི་སྐད་དང་སྡེ་དགེ་སྐད་ལ་གདངས་ཚད་བྱུང་བ་ལས་རྗེས་འཇུག་ལའང་འགྱུར་བ་མངོན་གསལ་བྱུང་ཡོད་པ་རྟོགས་ཐུབ་ཀྱང་། ཨམ་སྐད་ལ་གདངས་ཚད་བྱུང་མེད་པ་རེད། དེ་བཞིན་དུ་ཡིག་ཚང་དག་ལ་བལྟས་ནའང་། གནའ་བོའི་བོད་སྐད་ལ་ཡུལ་སྐད་ཀྱི་དབྱེ་བ་ཡོད་པ་ཤེས་ཐུབ་སྟེ། ལི་ཤིའི་གུར་ཁང་དུ། མྱེད། མྱིན་སོགས་ཡ་བཏགས་པ་དང་། རལ་གྱི་སོགས་ནི་ལོ་ཙཱ་བ་ཁ་ཅིག་གིས་ཡུལ་སྐད་ཤོར་བར་གྲགས་པ་ཡིན་ཞེས་གསུངས། དུས་རབས་བདུན་པ་ནས་བཟུང་། བཙན་པོ་རྒྱལ་རབས་གཅིག་གྱུར་བྱས་ཏེ་ཡི་གེ་གསར་བཟོ་མཛད་པ་དེས་ཡུལ་སྐད་ཀྱི་བར་ཐག་ཇེ་ཉེ་དང་སྐད་ཆ་གཅིག་གྱུར་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཞིང་། བཙན་པོའི་སྟོབས་ཤུགས་མུ་མཐུད་དུ་རྒྱ་བསྐྱེད་པར་བརྟེན་ནས། བོད་སྐད་དང་བོད་ཡིག་དེ་ས་ཆ་མང་པོར་ཁྱབ་སྤེལ་བྱེད་ཐུབ་པ་བྱུང་། དེས་ན་དུས་ནམ་ཞིག་ལ་ཡུལ་སྐད་ཁག་གི་བར་ཁྱད་མངོན་གསལ་དུ་གྱུར་ཅིང་རྣམ་པ་མང་དུ་འཕེལ་བ་རེད་ཟེར་ན། ས་པན་གྱི་རོལ་མོའི་བསྟན་བཅོས་ལས། སྐབས་དེའི་བོད་ཀྱི་སྐད་གདངས་ཀྱི་ཁྱད་ཆོས་གསོན་ཉམས་ལྡན་པའི་སྒོ་ནས་ཞིབ་འབྲི་བྱས་ཡོད་པ་སྟེ། ཡུལ་གྱི་དབང་གིས་སྐད་ཀྱི་ཁྱད་པར་དེ་ཇི་ལྟར་ཞེ་ན། དབུས་པ་རྣམས་སྐད་གདངས་ལྡིར་ཞིང་འགྱུར་བ་ངང་པ་དང་བུང་བུའི་སྐད་འདྲ་བ་ཤས་ཆེ་ལ། གཙང་པ་རྣམས་ཀྱི་སྐད་ཀྱི་གདངས་གསལ་ཞིང་འཚེར་བ་ཁྱིམ་བྱའམ་རྟ་སྐད་འདྲ་བ་ཤས་ཆེ་ཞིང་། དེ་བཞིན་དུ་གཙེར་ཞིང་མདུད་པ་སྟོད་མངའ་རིས་པའི་དང་། ཁམས་པ་རྣམས་ཀྱི་སྦོམ་ཞིང་མི་ཁུགས་པས་བརྗིད་ཅིང་གྱོང་བ་བོང་བུའི་སྐད་འདྲ་བ་འབྱུང་ལ། དེ་ལྟ་བུའི་སྐད་དེ་དག་རྣམས་ལ་ཡང་སོ་སོར་ཕྱེ་ན། གཙང་ལ་སྟོད་ལ་སྨད་སོགས་དང་། མངའ་རིས་ལ་སྐོར་གསུམ། ཁམས་པ་ལ་མདོ་སྟོད་ཀྱི་སྐད་སོགས་རྣམ་པ་མང་ཞེས་པ་ལས་དུས་དེ་ནས་བཟུང་བོད་ཀྱི་ཡུལ་སྐད་སོ་སོའི་བར་དུ་ཁྱད་པར་མངོན་གསལ་བྱུང་བ་རྟོགས་ཐུབ་ཅིང་། སྐུ་ཞབས་ཧོང་ཕུའུ་ཧྥན་གྱིས་ཀྱང་། གནའ་དེང་བོད་ཡིག་གི་དཀྱོག་མཚམས་དེ་དུས་རབས་བཅུ་གཉིས་ནས་བཅུ་གསུམ་སྐབས་ཡིན་ལ། དུས་སྐབས་དེའི་ནང་། དབུས་གཙང་ཁུལ་གྱི་བོད་སྐད་ལ་འགྱུར་བ་མངོན་གསལ་བྱུང་ཞིང་། འགྱུར་བ་དེ་དག་གཙོ་བོ་གནའ་བོའི་སྐད་ཀྱི་དབྱངས་སྦྲགས་མ་མང་པོ་སྟབས་བདེར་གྱུར་པ་དང་གདངས་ཚད་བྱུང་བ་དེ་ཡིན་ལ། དེ་ནི་བོད་སྐད་གྱེས་འགྱེད་བྱུང་བའི་རྟགས་མཚན་གཙོ་བོ་ཡིན་ཡང་། ཡུལ་སྐད་སོ་སོའི་འགྱུར་བ་དེ་དོ་མི་མཉམ་པ་རེད་ཟེར། ཀྲུང་གོ་གསར་བ་བཙུགས་ཚུན་ནས་སྐད་བརྡར་རྟོག་དཔྱོད་བྱེད་མཁན་མང་པོས་བརྟག་དཔྱད་བྱས་པ་བརྒྱུད། བོད་སྤྱིའི་སྐད་གདངས་ལ་ཁྱད་པར་ཆེན་པོ་ཡོད་པར་མ་ཟད། ད་དུང་སྐད་ཆ་ལ་ལ་ཞིག་བོད་པའི་བར་དུ་བཤད་ནའང་མི་གོ་བའི་ཁྱད་པར་ཆེན་པོ་གནས་ཡོད་པ་ཚོར་ཞིང་། ཡུལ་སྐད་དེ་དག་གི་ཁྱད་ཆོས་ལ་གཞིགས་ན། ཁྱད་པར་གཙོ་བོ་གཅིག་ནི་གདངས་ཚད་ཡོད་མེད་དང་། གཉིས་ནི་སྔོན་འཇུག་དང་རྗེས་འཇུག་གི་སྒྲ་གདངས་གསལ་བོར་ཐོན་མིན། གསུམ་ནི་སྒྲ་ལྡན་དེ་སྒྲ་མེད་ཀྱི་ཕྱོགས་སུ་འཕེལ་བའི་སྟེང་ནས་ལྟ་བཞིན་ཡོད་ཅིང་། རྒན་སྐལ་བཟང་འགྱུར་མེད་ལགས་ཀྱིས་སྡེ་དགེ་སྐད་དང་འབའ་ཐང་སྐད་སོགས་ཡུལ་སྐད་ཀྱི་གདངས་སམ་ང་རོའི་ཁྱད་པར་བརྗོད་སྐབས་ཀྱང་། གདངས་སམ་ང་རོའི་མཐོ་དམའ་དང་རིང་ཐུང་སོ་སོ་གཞི་གདངས་རྙིང་མའི་མིང་གཞིའི་སྒྲ་ལྡན་སྒྲ་མེད་དང་དབྱངས་འཇུག་ལ་འབྲེལ་བ་དམ་པོ་ཡོད་པར་གསུངས་པ་ལས། རྗེས་འཇུག་སྟབས་བདེ་རུ་གྱུར་པ་དེས་ཡུལ་སྐད་ལ་གདངས་ཚད་བྱུང་བ་བདེན་དཔང་བྱས་ཡོད་པ་རེད། དེ་བས། ཡུལ་སྐད་བར་གྱི་ཁྱད་པར་གྱིས་རྗེས་འཇུག་རྟགས་ཀྱི་དགར་ཚུལ་ལ་ཤན་ཐེབས་ཡོད་པར་འདོད་དེ། རྗེས་འཇུག་གི་འཇུག་ཚུལ་ལས་དོན་གྱི་རྣམ་པར་འགྱུར་ལྡོག་བྱུང་བ་མང་ཞིང་། ཡི་གེ་གཅིག་ཡིན་པ་ལ་ཡུལ་སྐད་མི་འདྲ་བའི་ཁྲོད་གདངས་ཀྱི་རྣམ་པ་མི་འདྲ་བ་རེ་མངོན་་ ཡོད་པའི་ཕྱིར།

  གསུམ་པ། ཁ་སྐད་དང་ཡིག་སྐད་བར་གྱི་ཁྱད་པར་ལ་རག་ལས་པ།

  ་སྤྱི་ཚོགས་འཕེལ་རྒྱས་ཁྲོད་མི་རྣམས་ཀྱིས་བསམ་བློ་བརྗེ་རེས་དང་འབྲེལ་འདྲིས་ཀྱི་ཡོ་བྱད་དུ་བཀོལ་བ་ནི་ཁ་སྐད་ཡིན་ལ། དེའི་སྒྲ་གདངས་ཀྱི་རྨང་གཞི་དང་། མིང་བརྡའི་གྲུབ་ཚུལ། བརྡ་སྤྲོད་ཀྱི་གོམས་ལུགས་བཅས་ལ་བརྟེན་ནས་སྒྲ་མཚོན་གྱི་ཡི་གེ་བྱུང་ཞིང་། ཡི་གེ་ནི་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ཡིན་པ་ཇི་བཞིན་བོད་ཀྱི་ཡི་གེ་དེ་ཡང་ཐོག་མར་བརྩམས་བཟོ་མཛད་དུས་མི་མང་པོས་ཐུན་མོང་དུ་གོ་བརྡ་སྤྲོད་ཐུབ་པའི་སྐད་ཀྱི་རྨང་གཞིའི་སྟེང་བཅོས་སྒྲིག་བྱས་པ་ཞིག་ཡིན་པས་ན། ཡི་གེའི་ཁྱད་ཆོས་ནི་ཡུལ་གྱི་བསྐལ་བའི་རྒྱང་ཐག་རིང་བོར་གོ་བརྡ་སྤྲོད་བདེ་བ་དང་། དུས་ཀྱི་བསྐལ་བའི་ལོ་ཟླ་རིང་མོར་ཉར་ཚགས་བྱེད་ཐུབ་པ་ཞིག་ཡིན། ཡི་གེ་བྱུང་བ་དེས་གནའ་ནས་ད་བར་མི་རིགས་མི་གཅིག་པའི་བར་འབྲེལ་འདྲིས་བྱེད་པར་ཕན་ནུས་ཆེན་པོ་བསྐྲུན་པ་དང་། མིའི་བསམ་གཞིག་གི་ནུས་པ་གོང་འཕེལ་དུ་འགྲོ་བ་ཡང་མཚོན་ཡོད། ཨེན་ཁི་སིས་ཀྱང་སྤྱི་ཚོགས་འཕེལ་རྒྱས་སུ་སོང་ནས་ཤེས་རིག་ལྡན་པའི་དུས་རབས་ངེས་ཅན་ཞིག་ལ་སླེབས་པ་ན་ད་བཟོད་ཡི་གེ་བྱུང་ཞེས་གསུངས་ཡོད། དེས་ན་ཁ་སྐད་ནི་ཐོག་མར་བྱུང་བ་ཡིན་ལ། ཡིག་སྐད་ནི་རྗེས་སུ་བྱུང་བ་རྟོགས་ཐུབ། སྐད་ཆ་ནི་ཕན་ཚུན་བར་འབྲེལ་འདྲིས་བྱེད་སྤྱད་ཀྱི་ལག་ཆ་དང་སྤྱི་ཚོགས་ལ་བརྡ་འཕྲིན་འདོན་སྤྲོད་བྱེད་སྤྱད་ཀྱི་སྨྱན་བྱད་གལ་ཆེན་ཞིག་ཡིན་པའི་ཆ་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། དཔལ་འབྱོར་དང་ཆབ་སྲིད། རིག་གནས་དང་ཚན་རྩལ། རྩོམ་རིག་དང་སྒྱུ་རྩལ་གྱི་ཕྱོགས་སོ་སོར་འབྲེལ་ཡོད་པ་དང་། མིའི་རིགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པར་ཡང་སྐད་ཆས་རམ་འདེགས་བྱེད་མི་དགོས་ས་གཅིག་ཀྱང་མེད། དེར་བརྟེན་གཤམ་ནས་ཁ་སྐད་དང་ཡིག་སྐད་བར་གྱི་འགྱུར་ཚུལ་ལས་ཐོག་མར་ལྷ་སའི་སྐད་ཀྱི་རྗེས་འཇུག་གི་འགྱུར་ཚུལ་ལ་བལྟ་བར་བྱ་སྟེ། དཔེར་ན།

  གོང་གི་རེའུ་མིག་ལས། ག་ད་བ་ས་གསུམ་གྱི་གདངས་ཚད་མཐོན་པོ་ནས་དམའ་མོའི་ཕྱོགས་སུ་ཡོད་པ་དང་། རྗེས་འཇུག་ག་ད་ས་རྣམས་གདངས་གཞན་དུ་འགྱུར་ལ། བ་སྒྲ་ལྡན་ནས་སྒྲ་མེད་དུ་གྱུར་ཡོད་པ་རེད། ང་མ་ར་ལ་བཞི་གདངས་ཚད་དམའ་མོ་ནས་འབྲིང་གི་ཕྱོགས་སུ་འཕེལ་ཞིང་། ང་ཡི་རྗེས་འཇུག་བོར་ནས་སྣ་སྒྲར་གྱུར་པ་དང་། རྗེས་འཇུག་ར་དེ་ལ་རུ་འགྱུར་བ་དང་། རྗེས་འཇུག་ལ་གདངས་གཞན་དུ་འགྱུར་བ་རེད། ལ་དང་འ་གཉིས་མཐོ་གདངས་མཉམ་པའི་ཕྱོགས་སུ་འཕེལ་ཡོད་པ་དང་། ན་སྒྲའི་རྗེས་འཇུག་གི་གདངས་གཞན་དུ་འགྱུར་བ་དང་།་འ་སྒྲའི་ གདངས་དེ་སྔར་བཞིན་འབྱིན་བཞིན་ཡོད་པས། ད་ལྟའི་ལྷ་སའི་སྐད་ཀྱི་གསལ་བྱེད་ཀྱི་རྗེས་འཇུག་མ་ལག་དེ་ཡིག་སྐད་ཀྱི་རྗེས་འཇུག་དང་བསྡུར་ན་ཅུང་སྟབས་བདེ་དང་ཉུང་དུ་ཕྱིན་ཡོད། སྡེ་དགེའི་སྐད་ནི་ཨ་མདོའི་སྐད་དང་བར་ཐག་ཉེ་ཡང་། དེ་ལ་སྒྲ་གདངས་ཀྱི་འདེགས་འཇོག་ཡོད་ལ། ཡུལ་སྐད་དེ་དག་གཙོ་བོ་དར་རྩེ་མདོ་དང་། དཀར་མཛེས། སྡེ་དགེ། ཆབ་མདོ་སོགས་སུ་ཁྱབ་ཡོད་པར་མ་ཟད། ཁྱབ་རྒྱ་ཆེ་ཞིང་། ཤན་ཤུགས་ཅུང་ཆེན་པོ་ཡོད་པ་ཞིག་རེད། དེའི་ནང་སྡེ་དགེ་སྐད་དེ་གཙོ་བོར་བཟུང་ནས་མཚམས་སྦྱོར་རགས་རམ་ཞིག་བྱས་ན། སྡེ་དགེ་སྐད་ལས་རྗེས་འཇུག་གི་གདངས་གཞན་དུ་འགྱུར་བའམ་བོར་སོང་བ་མང་ལ། ག་ད་བ་རྣམས་མིད་པའི་ཕུགས་ནས་འགག་པའི་ཚུལ་གྱིས་སྒྲ་དབྱུང་བཞིན་ཡོད་པ་དང་། གདངས་ཚད་ཀྱང་ཅུང་མཐོན་པོའི་ཕྱོགས་སུ་ཡོད་པར་དང་། ང་ན་མ་ལ་རྣམས་མཐོ་གདངས་མཉམ་པའི་ཕྱོགས་སུ་ཡོད་པ་མ་ཟད། ལ་སྒྲ་བོར་བ་སོགས་དབྱངས་དང་འདྲེས་པ་དང་། གཞན་རྣམས་སྣ་སྒྲར་གྱུར་ཡོད་པ་རེད། འ་དང་ར་གཉིས་གདངས་མཐོན་པོ་ནས་དམའ་མོའི་ཕྱོགས་སུ་ཡོད་ཅིང་། ས་དེ་གདངས་དམའ་མོ་ནས་གདངས་ཅུང་མཐོན་པོའི་ཕྱོགས་སུ་འཕེལ་ཡོད། རྗེས་འཇུག་ལ་ལ་ཞིག་ཅུང་སྟབས་བདེར་གྱུར་པ་དང་།་མགྲིན་པའི་འགག་གཙུབ་ཀྱི་སྒྲ་འདི -?གཅིག་པུ་ལས་མེད། རྗེས་འཇུག་བོར་བ་དེས་ཁམས་སྐད་ཀྱི་སྒྲ་གདངས་ཀྱི་འཕེལ་རྒྱས་མཚོན་ཡོད་པ་དང་། འདི་ཡང་ཡུལ་སྐད་གཞན་པའི་བར་གྱི་ཁྱད་ཆོས་མངོན་གསལ་ཅན་ཞིག་རེད།

  ཨ་མདོ་ཡུལ་གྱི་རོང་སྐད་དང་འབྲོག་སྐད་བར་དུ་ཁྱད་པར་ཅུང་ཙམ་གནས་ཀྱང་། ཕལ་ཆེར་གཅིག་མཐུན་ཡིན་ལ། སྤྱིར་བཤད་ན། འབྲོག་ཁུལ་གྱི་སྐད་གདངས་ནང་དུ་གནའ་བོའི་སྒྲ་གདངས་ཀྱི་ཁྱད་ཆོས་མང་བ་དང་། གསལ་བྱེད་སྦྲགས་མ་རོང་སྐད་ལས་མང་ནའང་། རོང་འབྲོག་གཉིས་ཀྱི་བར་དུ་བརྡ་སྤྲོད་པར་བཀག་རྒྱ་མེད། གཤམ་ནས་གཅན་ཚའི་སྐད་དེ་དཔེར་མཚོན་དུ་དྲངས་ནས་ཨ་མདོའི་སྐད་ཀྱི་ཁྱད་ཆོས་རགས་བསྡུས་ཀྱིས་བཤད་ན།

  གཅན་ཚའི་སྐད་ཀྱི་ཁྲོད་དུ་གནའ་བོའི་རྗེས་འཇུག་གི་སྒྲ་སོར་འཇོག་བྱས་པ་ཤིན་ཏུ་མང་པོ་ཡོད་པ་དང་། རྗེས་འཇུག-sདང-1བོར་ནས་དབྱངས་དང་འདྲེས་པ་དང་། -dསྒྲ-lརུ་འགྱུར་བ་ལས་གཞན། རྗེས་འཇུག་གཞན་རྣམས་ཀྱི་སྒྲ་རང་སོར་གནས་ཡོད། སྐད་གདངས་མི་འདྲ་བས་ལུང་སྐད་བར་གྱི་ཁྱད་པར་མི་འདྲ་བ་དེ་མཚོན་ཞིང་། ཁྱད་པར་དེ་དག་གིས་རྗེས་འཇུག་རྟགས་ཀྱི་དགར་ཚུལ་དུ་མ་བྱུང་བར་ཆ་རྐྱེན་ཞིག་ཀྱང་བསྐྲུན་འདུག

  གོང་དུ་བཤད་པ་བཞིན་རྗེས་འཇུག་བཅུ་བོའི་གདངས་ཀྱི་འགྱུར་ཚུལ་ལ་ལྟོས་ན། མདོ་དབུས་ཁམས་གསུམ་གྱི་སྙན་སྒྲོན་པའི་སྐད་ཆའི་གདངས་མང་ཆེ་བ་མཚམས་ལན་རེར་ཡིག་སྐད་དང་བསྡུར་ན་གཞན་དུ་འགྱུར་ཡོད་པ་སོ་སོའི་མྱོང་བས་གྲུབ་ཡོད་པས། དེ་དག་ཐམས་ཅད་མཐའ་གཅིག་ཏུ་མི་དག་པར་བརྗོད་མི་རུང་བ་ཡུལ་སྐད་སོ་སོའི་འགྱུར་བ་ལས་ཅུང་ཟད་རྟོགས་ཐུབ་པ་དང་། རྗེས་འཇུག་གི་སྒྲ་གདངས་སྤྱིའི་འཕེལ་ཕྱོགས་དེ་ཡང་རྙོག་འཛིང་ནས་སླ་མོའི་ཕྱོགས་སུ་འཕེལ་བཞིན་ཡོད་པས། ཡུལ་སྐད་དག་གི་བར་དུ་གདངས་ཀྱི་ཁྱད་པར་བྱུང་བ་དེ་ཡང་ལོ་རྒྱུས་དང་དུས་རབས་འཕེལ་རྒྱས་ཀྱི་ཐོན་འབྲས་ཡིན་པ་ངེས་དགོས་པར་མ་ཟད། སྙན་སྒྲོན་པས་ཡིག་སྐད་གཙོ་བོར་བཟུང་ནས་ཉན་མཁན་གྱི་སྙན་ལམ་དུ་བརྡ་འཕྲིན་སྤེལ་ན། ཡི་གེའི་སྦྱོར་ཀློག་ལ་བྱང་བའི་མི་ཞིག་ལ་མཚོན་ན། ཡུལ་སྐད་གང་གིས་སྙན་སྒྲོན་བྱས་ཀྱང་ཧ་གོ་ཐུབ་པར་འགྱུར་རོ། །