ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་མི་རིགས་ལས་དོན་བར་གྱི་འབྲེལ་བ་དཔྱད་པ།

  ལི་ཀྲི་ཡིས་བརྩམས། དབང་མོ་སྐྱིད་ཀྱིས་བསྒྱུར།

  (ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ། མཚོ་སྔོན། ཟི་ལིང་། 810001)

      ནང་དོན་གནད་བསྡུས།

     ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་སྟེང་སྤྱི་ལོ2020ལོར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་འབྱུང་དགོས་པའི་དམིགས་འབེན་བཏོན་ལ། དུས་རབས་གསར་བའི་མི་རིགས་ལས་དོན་ནི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཁྲོད་ཀྱི་འཐབ་ཇུས་སྒྲིག་གཞི་གལ་ཆེན་ཞིག་ཡིན། དེ་བས་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་མཐུན་སྒྲིལ་དང་འཆམ་མཐུན་ངང་ནུས་ཤུགས་གཅིག་སྒྲིལ་གྱིས་ཐུན་མོང་འབད་བརྩོན་བྱས་ནས་སྤྱི་ཚོགས་དར་རྒྱས་གོང་འཕེལ་དུ་བཏང་སྟེ། མི་རིགས་ས་ཁུལ་དུས་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་ཡོང་བར་ཁག་ཐེག་ནན་ཏན་དང་། འབྱོར་འབྲང་སྤྱི་ཚོགས་འཛུགས་སྐྲུན་གྱི་འབྲས་བུ་མཉམ་རོལ་བྱེད་པར་ཁག་ཐེག་ནན་ཏན་བྱེད་དགོས།བརྡ་ཆད་གཙོ་བོ། འབྱོར་འབྲིང་སྤྱི་ཚོགས། མི་རིགས་ལས་དོན། འཐབ་ཇུས་དམིགས་འབེན། རྩོམ་ཡིག་འབྱོར་ཉིན། 2016-12-28

      སྒྱུར་པ་པོ་ངོ་སྤྲོད།

      དབང་མོ་སྐྱིད། མོ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ།

      དཔེ་དེབ་དབྱེ་རྟགས། D602 ཡིག་ཚང་མཚོན་བྱང་། རྩོམ་ཡིག་སྒྲིག་ཨང་། 1005-2089(2017)01-009-07 ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་སྟེང་སྤྱི་ལོ་2020ལོར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་འབྱུང་དགོས་པའི་དམིགས་འབེན་བཏོན། འདི་ནི་རང་རེའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་བརྗིད་ཉམས་ངང་ཁས་བླངས་པའི་བརྗོད་དོན་གལ་ཆེན་ཞིག་རེད། རྔམ་བརྗིད་ཅན་གྱི་དམིགས་འབེན་འདི་ནི"ལོ་བརྒྱ་གཉིས"འབད་བརྩོན་དམིགས་འབེན་གྱི་ལོ་བརྒྱ་དང་པོའི་དམིགས་འབེན་ཡིན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལམ་བུའི་སྟེང་གི་གལ་ཆེ་བའི་ལམ་རྟགས་རྡོ་རིང་ཞིག་ཀྱང་ཡིན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་འབྱུང་དགོས་པ་ནི་འཐབ་ཇུས་སྒྲིག་གཞིའི་ཁྲོད་ཀྱི་གལ་ཆེའི་དམིགས་འབེན་ཞིག་ཡིན་ཏེ། ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐད་སྤྱིའི་ཆ་ནས་བཀོད་སྒྲིག་ལེགས་པོ་བྱས་ཤིང་། འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་དམིགས་འབེན་བརྩོན་ལེན་བྱེད་པར་སྐུལ་འདེད་གསར་བ་བཏང་། དུས་རབས་གསར་བའི་མི་རིགས་ལས་དོན་ལེགས་པོ་སྒྲུབ་པ་དེ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་འཐབ་ཇུས་དམིགས་འབེན་གཙོ་བོར་འཛིན་དགོས་པ་དང་། རིགས་སོ་སོའི་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ནུས་ཤུགས་གཅིག་སྒྲིལ་གྱིས་ཐུན་མོང་འབད་བརྩོན་བྱས་ནས་སྤྱི་ཚོགས་དར་རྒྱས་གོང་འཕེལ་དུ་བཏང་སྟེ། མི་རིགས་ས་ཁུལ་དུས་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་འབྱུང་བར་ཁག་ཐེག་ནན་ཏན་དང་། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་འབྲས་བུ་མཉམ་རོལ་བྱེད་པར་ཁག་ཐེག་ནན་ཏན་བྱེད་དགོས།

  དང་པོ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་འབྱུང་བ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གལ་ཆེའི་གོམ་པ་དང་པོ་ཡིན།

  དུས་བཅད་ལྟར་སྤྱི་ལོ2020ལོར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་འབྱུང་བ་དེ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་ལོ་རྒྱུས་དང་འཛམ་གླིང་འཕེལ་རྒྱས་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་སྟེང་དོན་སྙིང་གལ་ཆེན་ལྡན་འདུག ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ཀྲུང་ཧྭའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཚེ། ཟས་གོས་གཉིས་འཛོམས་དང་ཞི་བདེའི་འཚོ་བ་བརྩོན་ལེན་བྱེད་པ་ནི་ཀྲུང་ཧྭའི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་ཕུགས་བསམ་དང་དམིགས་འབེན་ཡིན། ཉལ་ཐ་དམག་འཁྲུག་ནས་བཟུང་རིགས་སོ་སོའི་མི་དམངས་ཀྱིས་རྒྱལ་ཁབ་འཇིག་ཉེན་ལས་སྐྱོབ་པ་དང་རི་བོ་ཆེན་པོ་གསུམ་རྩ་སློག་གཏོང་བ། དབུལ་ཞིང་སྟོང་བའི་རྣམ་པ་ལས་དེང་རབས་ཅན་བཞི་མངོན་འགྱུར་ཡོང་བ། བཅོས་སྒྱུར་སྒོ་འབྱེད་སོགས་སྔ་མོ་ནས་སྐྱིད་ཅིང་བདེ་བའི་འཚོ་བར་འབད་བརྩོན་བྱེད་བཞིན་ཡོད། "འབྱོར་འབྲིང་སྤྱི་ཚོགས"ཏེ་ལོ་ངོ་སྟོང་ཕྲག་རིང་ཀྲུང་གོའི་རིག་གནས་ཁྲོད་རྒྱལ་ཕྱུག་དམངས་ཕན་དང་སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་མཚོན་བྱེད་ཀྱི་ཀྲུང་གོའི་ཕུགས་བསམ་དེ་ཉིད་མི་འགྱང་བར་མངོན་འགྱུར་ལེགས་འགྲུབ་འབྱུང་བཞིན་ཡོད་ལ། དམིགས་འབེན་དེ་ཉིད་མངོན་འགྱུར་བྱེད་དུས་རང་རྒྱལ་གྱི་རྒྱལ་ནང་གི་ཐོན་སྐྱེད་བསྡོམས་གྲངས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ཀྱི་ཆ་སྙོམས་ཡོང་འབབ་སྤྱི་ལོ2010ལས་ལྡབ་གཅིག་འཕར་བ། ཐོན་སྐྱེད་སྒྲིག་གཞི་འབྲིང་རིམ་ནས་མཐོ་རིམ་ཅན་དུ་འཕར་བ། གྲོང་ཁྱེར་ཅན་གྱི་འཕེལ་རྒྱས་བརྒྱུད་རིམ་ཇེ་མགྱོགས་སུ་འགྲོ་བ། ཞིང་ལས་དེང་རབས་ཅན་གྱི་འཕེལ་རྒྱས་མངོན་གསལ་ཡིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་རྒྱལ་དམངས་སྤུས་ཚད་སྤྱི་ཡོངས་ནས་ཇེ་མཐོར་འགྲོ་བ། རང་རྒྱལ་གྱི་མིག་སྔའི་ཚད་གཞིའི་འོག་གི་ཞིང་གྲོང་གི་དབུལ་ཕོངས་མི་གྲངས་ཚང་མ་དབུལ་ཕོངས་ལས་ཐར་བ། དབུལ་ཕོངས་རྫོང་ཡོད་ཚད་དབུལ་ཕོངས་ལས་ཐར་བ། ས་ཁོངས་རང་བཞིན་ཅན་གྱི་དབུལ་ཕོངས་སྤྱི་ཡོངས་ནས་ཐག་གཅོད་བྱེད་པ། རྒྱལ་དམངས་ཀྱི་སྤུས་ཚད་དང་སྤྱི་ཚོགས་ཡ་རབས་ཀྱི་ཚད་མངོན་གསལ་ངང་ཇེ་མཐོར་འགྲོ་བ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ནས་ཇེ་ལེགས་སུ་འགྲོ་བ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྲིག་གཞི་ཇེ་ལེགས་སུ་འགྲོ་བ། བཅོས་སྒྱུར་སྒོ་འབྱེད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བ། ཕྱོགས་སོ་སོའི་ལམ་ལུགས་སྔར་ལས་འཐུས་ཚང་དང་སྔར་ལས་རང་གཤིས་གཏན་ཁེལ་ཅན་དུ་འགྲོ་བ། རྒྱལ་ཁབ་ཀྱི་དོ་དམ་མ་ལག་དང་དོ་དམ་ནུས་པ་དེང་རབས་ཅན་དུ་འགྲོ་བར་གྲུབ་འབྲས་ངེས་ཅན་འཐོབ་པ། མི་རིགས་ས་ཁུལ་ཁག་རྒྱལ་ཁབ་དང་སྔོན་ཐོན་ས་ཁུལ་གྱི་རོགས་རམ་ཁྲོད་རང་གི་ཁྱད་ཆོས་དང་འཚམས་པའི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་ལམ་བུ་ངེས་ཅན་ཞིག་ཏུ་བསྐྱོད་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཡོངས་ནས་འབྱོར་ཕྱུག་ཅན་གྱི་འཚོ་བ་རོལ་ཐུབ་པ། རིགས་སོ་སོའི་མི་དམངས་བར་གྱི་འདྲ་མཉམ་མཐུན་སྒྲིལ་དང་རོགས་རམ་འཆམ་མཐུན། འགན་ལེན་སོ་སྲུང་གི་མི་རིགས་འབྲེལ་བ་སྔར་ལས་སྲ་བརྟན་དང་འཐུས་ཚང་ཅན་དུ་འགྲོ་བ་བཅས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ལྟེ་བར་ཕྱོགས་པའི་ནུས་ཤུགས་དང་གོང་བུ་གཅིག་སྒྲིལ་གྱི་ནུས་ཤུགས་ཇེ་མཐོར་གཏོང་བར་རྨང་གཞི་བརྟན་པོ་འདིང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སྔོན་ཐོན་རང་བཞིན་དང་ཁྱད་འཕགས་རང་བཞིན་ལ་བདེན་དཔང་ཁུངས་བཙན་སྤྲད་ཡོད། འདི་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཐོག་གི་རླབས་ཆེ་བའི་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཤིག་ཡིན་པར་མ་ཟད། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཐད་བཞག་པའི་རླབས་ཆེ་བའི་མཛད་རྗེས་ཤིག་ཀྱང་ཡིན།

  རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རིམ་པ་གསུམ་པའི་འཐབ་ཇུས་དམིགས་ཡུལ་ནི་དུས་རབས་ཉེར་གཅིག་པའི་དུས་མགོ་ནས་དུས་དཀྱིལ་བར་ཡིན་ལ། ལོ་ལྔ་བཅུའི་ནང་དེང་རབས་ཅན་མངོན་འགྱུར་བྱས་ཏེ་འབྲིང་རིམ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཚད་གཞིར་ཐོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱུང་བ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་བཅས་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་མངོན་འགྱུར་བྱེད་པའི་རིམ་པ་གསུམ་པའི་འཐབ་ཇུས་དམིགས་འབེན་གྱིས་ངེས་པར་དུ་བརྒྱུད་དགོས་པའི་བརྒྱུད་རིམ་ཞིག་ཡིན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་ལམ་བུ་གསར་དུ་བཏོད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བ་བཅས་ནི་ཕན་ཚུན་འབྲེལ་འདྲིས་དང་ཕན་ཚུན་གཅིག་གྱུར་གྱི་དུས་རིམ་ཞིག་ཡིན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་མ་བྱུང་ཚེ་དེང་རབས་ཅན་དང་མི་རིགས་བསྐྱར་དར་ནི་ཁུངས་མེད་འཆལ་གཏམ་ཞིག་ཏུ་གྱུར་འགྲོ། ང་ཚོས་ལོ་ངོ་ཉི་ཤུའི་དུས་ཚོད་བེད་སྤྱད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་ཀྱི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པ་དང་། དེའི་རྗེས་ཀྱི་ལོ་སུམ་ཅུའི་རིང་གི་ཡུན་རིང་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས། སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་འདི་ལས་ཐོབ་པའི་གྲུབ་འབྲས་ནི་ང་ཚོས"ལོ་བརྒྱ་གཉིས"འབད་བརྩོན་དམིགས་འབེན་ལས་དམིགས་འབེན་དང་པོ་མངོན་འགྱུར་འབྱུང་བའི་མཚོན་རྟགས་ཡིན་པ་དང་། རྗེས་མའི་ལོ་བརྒྱ་དམིགས་འབེན་ལ་རྨང་གཞི་བརྟན་པོ་འདིང་དགོས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་བྱེད་པ་ནི་སྤྱི་ཚོགས་ཡོངས་འཕེལ་རྒྱས་བྱུང་བའི་མཚོན་རྟགས་རེད། དཔལ་འབྱོར་འཕེལ་རྒྱས་ལས་གཞན་དམངས་གཙོ་སྔར་ལས་འཐུས་ཚང་དང་ཚན་རྩལ་སྔར་ལས་གོང་འཕེལ། རིག་གནས་སྔར་ལས་ཕུན་སུམ་ཚོགས་པ། སྤྱི་ཚོགས་སྔར་ལས་འཆམ་མཐུན་ཡིན་པ་གསལ་བསྒྲགས་བྱས་ཡོད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་ལེགས་འགྲུབ་ཀྱི་ལོ20འདི་ནི་དུས་རབས་གསར་རྙིང་གཉིས་བར་གྱི་འབྱོར་འབྲིང་གི་མཚོན་རྟགས་ཤིག་དང་། དུས་རབས་ཉེར་གཅིག་གི་དུས་དཀྱིལ་དུ་དེང་རབས་ཅན་མངོན་གྱུར་བྱེད་པའི་དམིགས་འབེན་གསར་བ་ཞིག་ཀྱང་ཡིན། རྨང་གཞི་འདིའི་སྟེང་ནས་བསྟུད་མར་ལོ30ལ་འབད་བརྩོན་བྱས་ཚེ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྤྱི་ཡོངས་ནས་མངོན་འགྱུར་བྱེད་པ་དང་བསྟུན། ཉེ་རབས་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རྒྱལ་ཕན་དམངས་ཕྱུག་གི་དམིགས་འདུན་དང་མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་མི་རིགས་བསྐྱར་དར་ཡོང་བའི་རླབས་ཆེ་བའི་ཕུགས་བསམ་སྤྱི་ཡོངས་ནས་མངོན་འགྱུར་འབྱུང་ཐུབ། ཀྲུང་ཧྭ་མི་རིགས་སྔར་ལས་ལྷག་པར་ཡིད་ཆེས་ཀྱིས་ཁེངས་པའི་ངང་འཛམ་གླིང་མི་རིགས་སོ་སོའི་ཁྲོད་འགྱིང་ཐུབ་པར་མ་ཟད། འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་ཡོངས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཉམས་སུ་མྱོང་བར་བྱས་རྗེས་རླབས་ཆེན་འཇོག་ཐུབ།

  གཉིས་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་ལེགས་འགྲུབ་འབྱུང་བར་མི་རིགས་གཅིག་ཀྱང་ཆད་མི་རུང་།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་བྱེད་པར"འབྱོར་འབྲིང"གཙོ་བོ་མིན་པ་དང་གནད་འགག་དང་གཙོ་བོ་ནི"ཁྱོན་ཡོངས"ཞེས་པ་དེ་ཡིན། "འབྱོར་འབྲིང"གིས་འཕེལ་རྒྱས་ཀྱི་ཚད་རིམ་མཚོན་པ་དང"ཕྱོགས་ཡོངས"ཞེས་པ་དེས་འཕེལ་རྒྱས་ཀྱི་བཏང་སྙོམས་རང་བཞིན་དང་རྒྱུན་མཐུད་རང་བཞིན་མཚོན་ཡོད། གལ་ཏེ་སྤྱི་ལོ2020ལོར་ང་ཚོར་བསྡོམས་ཚད་དང་འགྲོས་ཚད་ཀྱི་ངོས་ནས་དམིགས་འབེན་མངོན་འགྱུར་བྱུང་བ་དང་། འཕེལ་རྒྱས་ལ་བཏང་སྙོམས་ཤོར་བ་དང་རྒྱུན་མཐུད་མིན་པ་སོགས་ཀྱི་གནད་དོན་ཚབས་ཆེན་བྱུང་ཚེ། དམིགས་འབེན་དེ་དོན་དངོས་ཐོག་མངོན་འགྱུར་མ་བྱུང་བའི་རྟགས་རེད། དེ་ལྟར་ཡིན་ཚེ་རྒྱལ་ནང་གི་མི་དམངས་མང་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ཁས་ལེན་བྱེད་དཀའ། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་མི་རིགས་ས་ཁུལ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་ལེགས་འགྲུབ་ཡོང་བའི་གནད་འགག་དང་དཀའ་གནད་རེད། གལ་ཏེ་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་བར་ཐག་མུ་མཐུད་དུ་ཇེ་ཆེར་འགྲོ་བའི་གནད་དོན་དེ་རྩ་བ་ནས་ཐག་གཅོད་མ་བྱས་ཚེ། སེམས་ཁམས་དོ་མཉམ་མིན་པ་དང་ཐ་ན་མི་རིགས་འབྲེལ་བ་དང་ས་ཁུལ་འབྲེལ་བའང་དོ་མཉམ་མིན་པར་གྱུར་ཏེ་མི་རིགས་གནད་དོན་གྱི་ཉེན་ཁའི་འབྱུང་གཞིར་གྱུར་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བ་ལ་ཤུགས་རྐྱེན་ཐེབས་ངེས། སྤྱི་ལོ2015ལོའི་ཟླ་དང་པོར་ཡུན་ནན་ཞིང་ཆེན་དུ་ཡུལ་དངོས་རྟོག་ཞིབ་བྱེད་པའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་མོ་རྔུལ་ཆུ་ཁུལ་གོང་ཧྲན་ཏུའུ་ལུང་རིགས་ནུའུ་རིགས་རང་སྐྱོང་རྫོང་གི་ལས་བྱེད་པ་དང་མང་ཚོགས་འཐུས་མིར་མཇལ་འཕྲད་གནང་སྐབས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་གྱུར་འབྱུང་དགོས་ན་མི་རིགས་གཅིག་ཀྱང་ཆད་མི་རུང་གསུངས། གོ་རྟོགས་འདི་ནི་འབྱོར་འབྲིང་དམིགས་འབེན་གྱི་ཁྱོན་ཡོངས་རང་བཞིན་དང་ད་ལྟའི་དུས་རིམ་ནང་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དོན་དངོས་གཉིས་ཕན་ཚུན་ཟུང་འབྲེལ་བྱེད་པའི་སྡོམ་ཚིག་ཡང་དག་ཡིན་པ་དང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་གལ་ཆེའི་རང་བཞིན་ལས་བྱུང་བའི་ངོས་འཛིན་གཏིང་ཟབ་ཅིག་ཀྱང་ཡིན་ལ། མི་རིགས་འདྲ་མཉམ་རྩ་འཛིན་གྱི་དོན་འཁྱོལ་མཐར་ཕྱིན་ཡིན་པར་མ་ཟད། དུས་རབས་གསར་བའི་ནང་མི་རིགས་ས་ཁུལ་ཁྱོན་ཡོངས་ནས་འཕེལ་རྒྱས་དར་སྤེལ་ཡོང་བའི་ལས་ཀའི་བླང་བྱ་གཙོ་བའང་ཡིན།

  གཅིག འབྱོར་འབྲིང་དམིགས་འབེན་གྱི་གཅིག་གྱུར་རང་བཞིན་གསལ་བོར་མཚོན་པ།

  ཁྱོན་ཡོངས་འབྱོར་འབྲིང་ཞེས་པ་ནི་མི་འབོར་ཆེན་ལ་ཁྱབ་པ་དང་འབྱོར་འབྲིང་གི་ཁེ་ཕན་མི་དམངས་ཡོངས་ཀྱིས་རེག་ཐུབ་པ་ཞིག་ཡིན་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་བསམ་ཀྱི་ནང་དོན་གཙོ་བོ་སྟེ་འབྱོར་འབྲིང་དམིགས་འབེན་མངོན་འགྱུར་དང་། དེ་མཉམ་སྤྱོད་བྱེད་མཁན་ནི་ཀྲུང་གོའི་མངའ་ཁོངས་སུ་གནས་པའི་མི་རིགས56གིས་གྲུབ་པའི་ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཕུང་འདི་ཡིན། ཀྲུང་ཧྭ་མི་རིགས་སྤྱི་ཕུང་རང་བཞིན་གྱི་ངོ་བོ་འདིས་རྒྱལ་ཡོངས་མི་རིགས་ཁག་ཐུན་མོང་གིས་འབད་བརྩོན་ཧུར་ཐག་བྱེད་དགོས་པ་དང་ཐུན་མོང་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པ། མི་རིགས་གཅིག་ཀྱང་དཔུང་རུའི་རྗེས་སུ་ལུས་མི་ཆོག་པ་བསྟན་ཡོད། ཀྲུང་ཧྭ་མི་རིགས་གྲུབ་ཆའི་ཁྲོད་ཀྱི་མི་རིགས་སོ་སོའི་འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་འབེན་མངོན་འགྱུར་འབྱུང་ཐུབ་ཚེ་ད་གཟོད་སྤྱི་ཡོངས་ནས་འབྱོར་འབྲིང་དམིགས་འབེན་དེ་མངོན་འགྱུར་བྱུང་ཞེས་བརྗོད་ཆོག དེ་ལས་ལྡོག་ཚེ་ཀྲུང་ཧྭ་མི་རིགས་ཀྱི་མཚན་གཡར་ནས་འབྱོར་འབྲིང་དམིགས་འབེན་མངོན་འགྱུར་བྱུང་ཡོད་མེད་ཐད་བསམ་གཞིག་བྱེད་པའི་ཐོབ་ཐང་མེད།

  གཉིས། མི་རིགས་གནད་དོན་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐད་ཀྱི་གལ་ཆེའི་རང་བཞིན་གསལ་བོར་མཚོན་པ།

  1.རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀྱི་ཆེས་མཐོ་བའི་ཁེ་ཕན་དང་སྲོག་རྩ་ཡིན། འཛམ་གླིང་གི་རྒྱལ་ཁབ་གང་ཡིན་ཡང་རྒྱལ་ཁབ་ཁ་བྲལ་དང་མི་རིགས་རྩོད་གླེང་གི་རྨང་གཞིའི་སྟེང་དུ་རྒྱལ་ཕན་དམངས་ཕྱུག་དང་མི་རིགས་དར་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དཀའ། 2.མི་རིགས་རང་ངོས་ཀྱི་འཕེལ་རྒྱས་ནི་མི་རིགས་ཕན་ཚུན་བར་གྱི་འབྲེལ་བ་དང་མི་རིགས་དང་གྲལ་རིམ་བར་གྱི་འབྲེལ་བ། མི་རིགས་དང་རྒྱལ་ཁབ་བར་གྱི་འབྲེལ་བ་སོགས་ཐག་གཅོད་བཟང་བོ་བྱེད་པའི་གཞི་འཛིན་ས་དང་རྨང་གཞི་ཡིན། མི་རིགས་དང་ས་ཁུལ་བར་གྱི་འཕེལ་རྒྱས་དོ་མཉམ་མིན་ཚེ་སེམས་ཁམས་དོ་མཉམ་མིན་པར་ཆགས་འགྲོ་བ་དང་། དེ་ལས་མི་རིགས་འགལ་བ་དང་ས་ཁུལ་འགལ་བ་སོགས་འབྱུང་ངེས་པར་མ་ཟད། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལམ་ལུགས་དང་བྱེད་ཕྱོགས། སྲིད་ཇུས་ངོས་འཛིན་ལ་ཤུགས་རྐྱེན་ཐེབས་ངེས། 3.མི་རིགས་ས་ཁུལ་གྱི་མངོན་མེད་གོང་འཕེལ་གཏོང་བའི་བཟང་ཆ་དང་དབུལ་ཕོངས་ཀྱི་གནས་ཚུལ་དངོས་ལ་གཞིགས་ན། མི་རིགས་ས་ཁུལ་ནི་རང་རྒྱལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་གནས་དང་། ཆུ་བོའི་འབྱུང་ཁུངས། སྐྱེ་ཁམས་སྲུང་སྐྱོང་ས་ཁུལ། རིག་གནས་ཁྱད་འཕགས་ས་གནས་སོགས་ཡིན་པས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་གཞི་དང་ཉེན་ཁར་ཁ་གཏད་པའི་ནུས་པར་བར་སྟོང་ངེས་ཅན་ཞིག་མཁོ་སྤྲོད་བྱས་ཡོད། མི་རིགས་ས་ཁུལ་ནི་རྒྱལ་ཡོངས་ཀྱི་འཕེལ་རྒྱས་དོ་མཉམ་ཡོང་བ་དང་མུ་མཐུད་འཕེལ་རྒྱས་ཡོང་བའི་རྨང་གཞི་གལ་ཆེན་དང་ཁག་ཐེག་གལ་ཆེན་ཡང་ཡིན། མངོན་མེད་འཕེལ་རྒྱས་གཏོང་བའི་བཟང་ཆ་དང་མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་དང་དར་རྒྱས་ཆེ་བའི་ས་ཁུལ་གྱི་བར་ཐག་ཇེ་ཆེར་སོང་བའི་ཁྱད་ཆོས་ལྡན་པ་རེད།

  གསུམ། མི་རིགས་འདྲ་མཉམ་གྱི་རྩ་འཛིན་དོན་འཁྱོལ་མཐར་ཕྱིན་བྱེད་པ་གསལ་བོར་མཚོན་པ།

  མི་རིགས་འདྲ་མཉམ་ནི་མར་ཁེ་སི་རིང་ལུགས་ཀྱིས་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཚད་གཞི་ཡིན་ལ། གུང་ཁྲན་ཏང་གིས་རྒྱལ་ནང་གི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་སྲིད་ཇུས་ཀྱང་ཡིན། མི་རིགས་འདྲ་མཉམ་མངོན་འགྱུར་བྱེད་ཐུབ་ཚད་མི་འདྲ་བ་ལས་རྣམ་པའི་ཐོག་གི་འདྲ་མཉམ་དང་དོན་དངོས་ཐོག་གི་འདྲ་མཉམ་རིགས་གཉིས་སུ་བཀར་ཆོག ཀྲུང་གོ་གསར་བ་དབུ་བརྙེས་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་མི་རིགས་ཁག་མཐོ་དམན་དྲག་ཞན་གྱི་དབྱེ་བ་མེད་པར། འདྲ་མཉམ་ངང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བས་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་སོ་སོའི་ཁྲོད་ཀྱི་དབང་ཆ་ལོངས་སྤྱོད་བྱས་ཆོག ལོ་རྒྱུས་དང་དོན་དངོས་ཀྱི་དབང་གིས་རང་རྒྱལ་གྱི་མི་རིགས་ཁག་འཕེལ་རྒྱས་ཆུ་ཚད་ལ་བར་ཐག་ཆེན་པོ་ཡོད་པས། ཁོང་ཚོས་འདྲ་མཉམ་ངང་བཅའ་ཁྲིམས་ཀྱིས་བསྩལ་བའི་དབང་ཆ་ལོངས་སྤྱོད་དང་མངོན་འགྱུར་བྱེད་པའི་ནུས་པ་ཡང་ཁྱད་པར་ཆེན་པོ་ཡོད། འདི་ནི་མི་རིགས་སོ་སོ་དོན་དངོས་ཐོག་གི་འདྲ་མཉམ་མིན་པའི་དོན་དངོས་རེད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་ལེགས་འགྲུབ་འབྱུང་བར་མི་རིགས་ཁག་འདྲ་མཉམ་ངང་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོའི་ཐད་ནས་རང་གི་དབང་ཆ་ལོངས་སྤྱོད་བྱེད་པར་ཁག་ཐེག་དང་འགན་ལེན་བྱེད་པར་གསལ་བོར་མཚོན་ཡོད།

  གསུམ་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་འབྱུང་བར་མི་རིགས་ས་ཁུལ་མཆོང་བརྒལ་རྣམ་པའི་ངང་འཕེལ་རྒྱས་གཏོང་དགོས།

  སྤྱི་ལོ2014ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་སྟེང་དུ་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་ཆེན་པོ་བྱུང་ནའང་མི་རིགས་ས་ཁུལ་གྱི་དབུལ་ཕོངས་མང་ཚོགས་ཧ་ཅང་མང་བས། རྒྱལ་ཡོངས་མི་དམངས་དང་ལྷན་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་འབྱུང་བའི་དམིགས་འབེན་མངོན་འགྱུར་འབྱུང་བར་དཀའ་གནད་ངེས་ཅན་ཞིག་ཡོད། དེ་བས་ངེས་པར་དུ་མཆོང་བརྒལ་གྱི་རྣམ་པའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། འདི་ནི་དུས་རབས་གསར་བའི་ནང་མི་རིགས་ས་ཁུལ་ཅི་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་དང་བྱེད་ཐབས་གལ་ཆེན་ཡིན།

  གཅིག མི་རིགས་ས་ཁུལ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་ཡོང་བའི་དཀའ་ས་དང་མི་འདང་ས་རེད།

  དཔལ་འབྱོར་ལ་མཚོན་ན། ཚོད་རྩིས་བྱས་པར་གཞིགས་ན་སྤྱི་ལོ2012ལོར་མི་རིགས་ས་ཁུལ་གྱི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་མངོན་འགྱུར་གྱི་ཚད་གཞི་ནི66.17%ཡིན་པ་དང་། རྒྱལ་ཡོངས་ལས་ལོ་གསུམ་གྱིས་རྗེས་ལུས་ཡིན་ལ་ཤར་ཕྱོགས་ས་ཁུལ་ལས་ལོ་དྲུག་གིས་རྗེས་ལུས་ཡིན་པ་དང་། ནུབ་ཕྱོགས་ས་ཁུལ་ལས་ལོ་གཅིག་གིས་རྗེས་སུ་ལུས་ཡོད། མིག་སྔར། མི་རིགས་ཞིང་ཆེན་བརྒྱད་ཀྱིGDPསྡོམ་གྲངས་ནི་ཀོང་ཏུང་ཞིང་ཆེན་གཅིག་གི་གྲངས་འབོར་ལས་མེད། རང་བྱུང་ཁོར་ཡུག་གི་ཆ་རྐྱེན་སྡུག་པ་དང་ལོ་རྒྱུས་འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ། མཐའ་མཚམས་ས་ཁུལ་དང་མི་རིགས་ཆོས་ལུགས་གནད་དོན་རྙོག་འཛིང་ཡིན་པ་སོགས་ཀྱི་སྤྱི་ཚོགས་རྒྱུ་རྐྱེན་གྱིས། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་ད་དུང་དམིགས་བསལ་གྱི་དཀའ་ངལ་དང་གནད་དོན་མི་ཉུང་བ་ཞིག་འཕྲད་ཡོད་པས། གནད་དོན་འདི་དག་གིས་མི་རིགས་ས་ཁུལ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་བའི་དཀའ་གནད་ཇེ་ཆེར་བཏང་ཡོད། དེ་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་རིགས་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་ལས་ཇེ་ཆུང་དུ་གཏོང་མི་ཆོག་པ་དང་ཇེ་མང་དུ་གཏོང་བ་ལས་ཇེ་ཉུང་དུ་གཏན་ནས་གཏོང་མི་ཆོག་པར་གསུངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་པའི་གནད་འགག་ནི་རང་སྐྱོང་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་རམ་དང་དམངས་མིའི་འཚོ་བ་ལེགས་བཅོས་གཉིས་ཡིན། ཀྲུང་དབྱང་དང་དར་རྒྱས་ཆེ་བའི་ས་ཁུལ། མི་རིགས་ས་ཁུལ་གྱི་དགེ་མཚན་རང་བཞིན་མངོན་པར་བཏོན་ནས་མཐའ་མཚམས་ས་ཁུལ་དང་དབུལ་ཕོངས་ས་ཁུལ། སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་བཅས་ལ་དམིགས་བསལ་གྱི་ས་གནས་སྲིད་ཇུས་ལག་བསྟར་བྱས་ནས་སྤོ་སྒྱུར་གཏོང་སྤྲོད་དང་རིགས་མཐུན་རྒྱབ་སྐྱོར་གྱི་མ་ལག་ཇེ་ལེགས་སུ་གཏོང་བ་དང་། སྲིད་ཇུས་སྒུལ་ཤུགས་དང་ཐོན་སྐྱེད་ཀྱི་མངོན་མེད་ནུས་ཤུགས་ཟུང་འབྲེལ་དམ་ཚགས་བྱེད་དགོས། དབུས་ཤར་ས་ཁུལ་གྱི་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་དག་རྒྱལ་ཡོངས་ཀྱི་མི་རིགས་ས་ཁུལ་གཞན་དག་གི་སྔོན་དུ་འབྱོར་འབྲིང་སྤྱི་ཚོགས་སུ་ཞུགས་པ་མངོན་འགྱུར་བྱེད་དགོས།

  གཉིས། མི་རིགས་ས་ཁུལ་རང་ཉིད་ཀྱི་དོན་དངོས་དང་འཚམ་པའི་ཚན་རིག་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་ཏུ་བསྐྱོད་དགོས།

  1.ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་ས་གནས་རང་བཞིན་གྱི་ཁྱད་ཆོས་ལྡན། རྒྱལ་ཡོངས་ཀྱི་ས་གནས་མི་གཅིག་པ་དང་མི་རིགས་ཁག་ལ་འབྱོར་འབྲིང་གི་དམིགས་འབེན་མ་ལག་གཅིག་དང་ཡང་ན་འདྲ་མཚུངས་ཤིག་གཏན་ཁེལ་བྱེད་མི་ཆོག་པ་དང་བྱ་ཡང་མི་རུང་། མི་རིགས་ས་ཁུལ་གྱིས་རང་ཉིད་ཀྱི་དོན་དངོས་དང་འཚམ་པའི་འབྱོར་འབྲིང་དམིགས་འབེན་གཏན་ཁེལ་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་དགོས། སྤྱི་ལོ2020ལོར་མི་རེའི་ཆ་སྙོམསGDPཡི་སྡོམ་གྲངས་ལྡབ་གཅིག་འཕར་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་མཉམ་ཅན་དུ་གྱུར་པའི་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་དགོས་པར་མ་ཟད། རང་ཉིད་ཀྱི་ས་ཁོངས་གཙོ་གཟུགས་ནུས་པར་རྐང་བཙུགས་ཏེ་རྨང་གཞི་བརྟན་པོ་བཏིངས་ནས་དངོས་ཕན་བརྩོན་ལེན་བྱེད་དགོས།

  2.མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྤྱི་ལ་ཚན་རིག་གི་འཕེལ་རྒྱས་ལྟ་བས་སློབ་སྟོན་བྱས་ནས། སྔོན་ཐོན་ལག་རྩལ་དང་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་བཀོལ་སྤྱོད་བྱེད་པའི་ནུས་པ་ཇེ་ཆེར་གཏོང་དགོས། ཁྱད་ལྡན་ལེགས་ཆེའི་ཐོན་ལས་རྒྱ་ཆེ་རུ་གཏོང་བ་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་མཆོང་བརྒལ་རང་བཞིན་གྱིས་འཕེལ་རྒྱས་མངོན་འགྱུར་འབྱུང་བར་སྐུལ་ཁྲིད་དང་སྣེ་ཁྲིད་བྱེད་དགོས། དམངས་འཚོ་གཙོ་བོར་འཛིན་པ་འབུར་ཐོན་ཏུ་གཏོང་བ་དང་། ནུས་ཤུགས་ཡོད་ཚད་གཅིག་ཏུ་དྲིལ་ནས་དབུལ་སྐྱོར་འགག་རྒོལ་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་དགོས། མ་མཐའི་དམངས་འཚོ་མཚམས་ཐིག་བརྟན་པོར་བསྲུངས་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་མཉམ་ཅན་དུ་འགྱུར་བར་ཤུགས་སྣོན་བྱས་ཏེ། ལས་ཞུགས་དང་སློབ་གསོ། འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་བཅས་རིགས་སོ་སོའི་མི་དམངས་རྣམས་ཀྱི་ཐུགས་ཁུར་ཆེ་བའི་གནད་དོན་དངོས་སུ་ཐག་གཅོད་བྱེད་དགོས། ལྗང་མདོག་ཅན་གྱི་འཕེལ་རྒྱས་རྒྱུན་མཐུད་བྱེད་པ་དང་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་དང་བསྐྱར་གསོ་བྱེད་ཤུགས་ཆེ་རུ་བཏང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།

  3.རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་གོ་སྐབས་དམ་བཟུང་བྱས་ནས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་གཏིང་ཟབ་ངང་ལག་བསྟར་གྱིས། མི་རིགས་ས་ཁུལ་ཕྱི་ནང་གཉིས་ལ་སྒོ་འབྱེད་པའི་ས་གནས་གསར་བ་ཞིག་ཏུ་བསྒྱུར་དགོས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཆེ་རུ་བཏང་སྟེ་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་གསར་བཏོད་ཀྱི་ནུས་པ་ཆེ་རུ་བཏང་ནས་ཁྲོམ་རའི་གཙོ་བདག་སོ་སོ་འདྲ་་་་མཉམ་འགྲན་རྩོད་བྱེད་པར་ཆ་རྐྱེན་བཟང་བོ་བསྐྲུན་དགོས།

  གསུམ། མི་རིགས་རིག་གནས་འཕེལ་རྒྱས་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་བའི་གལ་ཆེའི་ཆ་ཞིག་ཡིན།

  1.རིག་གནས་འཕེལ་རྒྱས་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་མཚོན་རྟགས་རེད། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་བཅོས་སྒྱུར་དང་མཐོར་འདེགས་བྱུང་བའི་འབྱོར་འབྲིང་སྤྱི་ཚོགས་ནི་ད་བཟོད་འབྱོར་འབྲིང་སྤྱི་ཚོགས་དངོས་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་རེད། 2.རིགས་སོ་སོའི་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་ལྡན་ཞིང་ཕུན་སུམ་ཚོགས་པའི་སྣ་མང་རང་བཞིན་ནི། མི་རིགས་ཁག་གི་མཚར་སྡུག་འོད་སྟོང་འབར་ཞིང་ཁྱད་ཆོས་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་རྨང་གཞིའི་སྟེང་རྨང་བཏིངས་པ་ཡིན། 3.ངོས་ལེན་ལྔ་སྲོག་ཤིང་ཡིན་པའི་མི་རིགས་ཁག་གི་ཐུན་མོང་གི་ཕུགས་བསམ་གྱི་ཁྱིམ་གཞིས་འཛུགས་རྒྱུ་དེ་ཡིན། ངོས་ལེན་ལྔ་ནི་མི་རིགས་ཁག་རྣམས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་རིག་གནས་དམིགས་ཡུལ་ཁྲོད་ཀྱི་ཆབ་སྲིད་རིག་གནས་ཀྱི་ནང་དོན་གཙོ་བོ་དེ་ཡིན། དེས་དེང་རབས་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་མི་རིགས་ཆབ་སྲིད་འདུ་ཤེས་སྨིན་ཐག་ཆོད་པ་འཕེལ་རྒྱས་གཏོང་བའི་སྔོན་ཐོན་རང་བཞིན་གྱི་བླང་བྱ་འཐུས་ཚབ་བྱས་ཡོད་པར་མ་ཟད། མི་རིགས་ཁག་གི་ཕུགས་བསམ་ཁྱིམ་གཞིས་ཀྱི་བླང་བྱའི་དོན་སྙིང་ལ་འབྲེལ་བ་ཡོད་དོ། །

  སྤྱིའི་དེབ་གྲངས138། 2017ལོའི་དེབ་དང་པོ། (2017ལོའི་ཟླ་གསུམ་པར་སྤེལ)

  རྩོམ་འཇུག་པ། ཡེ་ཤེས་སྒྲོལ་མ།