ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བའི་བསམ་བློའི་དགོངས་དོན་ལ་དཔྱད་པ།

  2016ལོའི་དེབ་བཞི་པ། (2016ལོའི་ཟླ་བཅུ་གཉིས་པར་སྤེལ) 

  ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བའི་བསམ་བློའི་དགོངས་དོན་ལ་དཔྱད་པ།  ཀའོ་ཆིན་གྱིས་བརྩམས། སྐལ་ལྡན་དོན་གྲུབ་ཀྱིས་བསྒྱུར།

  (ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ། མཚོ་སྔོན། ཟི་ལིང་། 810001)  ནང་དོན་གནད་བསྡུས། ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བའི་བསམ་བློའི་དགོངས་དོན་ནི་མར་ཁེ་སིའི་སྲིད་ཏང་གི་འཛུགས་སྐྲུན་གཞུང་ལུགས་ཀྱི་འཕེལ་རྒྱས་གསར་བ་ཡིན་ལ། དེ་ནི་ཏང་གི་འཛུགས་སྐྲུན་གཞུང་ལུགས་ཀྱི་གསར་གཏོད་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་བསམ་བློ་དང་ཇུས་འགོད་བསམ་བློ་གསར་བའང་མཚོན་ཡོད། ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བའི་བསམ་བློའི་དགོངས་དོན་རྒྱུན་འཁྱོངས་བྱེད་པ་དེ་ཏང་གི་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་བྱེད་པ་མཚོན་ཞིང་། ཏང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏོང་བར་ཕན་ནུས་ལྡན་པ་རེད། བརྡ་ཆད་གཙོ་བོ། ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ། ཏང་གི་འཛུགས་སྐྲུན། ཆབ་སྲིད། རྩོམ་ཡིག་འབྱོར་ཉིན། 2016-10-08 རྩོམ་པ་པོ་ངོ་སྤྲོད། ཀའོ་ཆིན། མོ། མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ། སྒྱུར་པ་པོ། སྐལ་ལྡན་དོན་གྲུབ། ཕོ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཏང་གི་སློབ་གྲྭ། དཔེ་དེབ་དབྱེ་རྟགས། D03 ཡིག་ཚང་མཚོན་བྱང་། རྩོམ་ཡིག་སྒྲིག་ཨང་། 1005-2089(2016)04-001-05  གཅིག

  ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཚུན་དུ། ཞི་ཅིན་ཕིང་གིས་ས་གནས་མང་བོ་རུ"ཏང་གིས་ཏང་བཅོས་སྐྱོང་བྱེད་དགོས་པ་དང་། གཟབ་ནན་གྱིས་ཏང་སྐྱོང་བ།" ཞེས་པའི་གསུང་བཤད་ཡང་ཡང་བསྒྲགས་པ་དང་། ད་དུང"ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ"ཞེས་པའི་གལ་ཆེན་གྱི་ཇུས་འགོད་གསལ་བོར་སྤེལ་བ་རེད། ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ་ཞེས་པ"ཕྱོགས་ཡོངས་བཞི"ཡི་འཐབ་ཇུས་བཀོད་སྒྲིག་ཏུ་འདུ་བ་དེ། ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བའི་གལ་ཆེན་རང་བཞིན་མཚོན་ཡོད་པ་རེད།

  བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་རབས་གསར་བ་རུ། ཚོང་རའི་དཔལ་འབྱོར་གྱི་འཕེལ་རྒྱས་དང་བསྟུན་ནས། ཏང་སྲོལ་འཛུགས་སྐྲུན་དང་རུལ་སུངས་འགོག་པའི་འཐབ་འཛིང་བཅས་ཛ་དྲག་ཆེ་བའི་དུས་ཤིག་ཏུ་སླེབས་ཡོད་པ་རེད། ཏང་ནང་གི་བསམ་བློ་དང་། བྱ་སྤྱོད། རྩ་འཛུགས་ཕྱོགས་ཀྱི་གནད་དོན་ཕྱོགས་ཡོངས་ནས་དག་ཐེར་བྱེད་པ་དང་། ཀྲུང་དབྱང་གིས་ཏང་དག་ཐེར་བྱེད་པའི་བྱ་འགུལ་སྤེལ་ཏེ་གཟབ་ནན་གྱིས་ཏང་སྐྱོང་བ་ཞེས་པ་མགོ་བརྩམས་པ་རེད།

  2012ལོའི་ཟླ11པར། ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཨུ་དང་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ངོ་འཕྲད་པའི་ཚོགས་འདུའི་སྟེང"ཏང་གིས་ཏང་བཅོས་སྐྱོང་བྱེད་དགོས་པ་དང་། གཟབ་ནན་གྱིས་ཏང་སྐྱོང་བ།" ཞེས་པ་ཐེངས་དང་པོར་བཏོན་པ་རེད། 2014ལོའི་ཟླ12པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་དུ་རྟོག་ཞིབ་མཛད་སྐབས། ཐེངས་དང་པོར"ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ"ཞེས་པ་བཏོན་ཞིང་། ཁོང་གིས་བསྟན་དོན། "མཐུན་འགྲིག་ངང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་སྐུལ་སྤེལ་བྱེད་པ་དང་། ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་སྐས་རིམ་གསར་བར་སྤོ་བར་སྐུལ་སྤེལ་བྱེད་པ"ཞེས་བཏོན། དེ་ལས་ཏང་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་བྱེད་པ་ཞེས་པ་དེ་སྔ་ན་མེད་པའི་མཐོ་ཚད་ཅིག་ཏུ་བཞག་ཡོད་པ་རེད།

  "གཟབ་ནན་གྱིས་ཏང་སྐྱོང་བ"ཞེས་པ་ནས"ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ"ཞེས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལས། ང་ཚོས་ཏང་གིས་རང་སྟེང་འཛུགས་སྐྲུན་བྱེད་པའི་སྤྱོད་ཚུལ་བཟང་བོ་རྒྱུན་འཛིན་བྱེད་བཞིན་ཡོད་པ་དང་། དུས་བབ་གསར་བ་དང་བསྟུན་པའི་རེ་འདུན་གསར་བའང་མཚོན་ཡོད་པ་རེད། དེ་བས། ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ་ཞེས་པ་ནི"ཕྱོགས་ཡོངས་བཞི"ཡི་འཐབ་ཇུས་འགོད་སྒྲིག་གི་གལ་ཆེན་གྲུབ་ཆ་ཡིན་པར་མ་ཟད་གལ་ཆེན་འགན་སྲུང་ཡང་ཡིན། དེ་ལས་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་གྱི་འགན་འཁྲི་དང་ལེན་བྱས་པ་མཚོན་པ་དང་། ང་ཚོའི་ཏང་གིས་རང་རེ་གཙང་སེལ་དང་། རང་རེ་མཐོར་འདེགས་བྱེད་པའི་ཆོད་སེམས་ཀྱང་མཚོན་ཡོད་ལ། ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བའི་དགོངས་དོན་དངོས་སུ་འཛུགས་པའང་མཚོན་ཡོད་པ་རེད།

  ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བའི་རྩ་བའི་ནང་དོན་ལ་ཁག་ལྔ་འདུས་ཏེ། ནང་དོན་གྱི་ཆ་ནས། གཙོ་བོ་ནི་ཏང་གི་བསམ་བློ་འཛུགས་སྐྲུན་དང་། རྩ་འཛུགས་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྲུན། རུལ་རྒོལ་གཙང་སྤེལ་འཛུགས་སྐྲུན་དང་། ལམ་ལུགས་འཛུགས་སྐྲུན་བཅས་གཅིག་གྱུར་གྱིས་དོ་དམ་བྱས་ཏེ། ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བའི་ཐབས་ཇུས་སོ་སོ་དངོས་སུ་ལག་བསྟར་བྱེད་པར་འགན་སྲུང་བྱེད་པ་དེ་རེད། གྲུབ་ཆ་གཙོ་བོའི་ཆ་ནས་བཤད་ན། ཀྲུང་དབྱང་དང་ས་གནས། གཞི་རིམ་སོགས་ཀྱི་སྟོབས་ཤུགས་ཡོད་ཚད་ཟུང་འབྲེལ་བྱས་ཏེ་གོང་རིམ་ནས་གཞི་རིམ་དང་། ཕྱི་རོལ་ནས་ནང་ཚུལ་ཚང་མ་གཟབ་ནན་གྱིས་ཏང་ལ་བཅོས་སྐྱོང་བྱེད་པ་དེ་རེད། དུས་ཀྱི་ཆ་ནས་བཤད་ན། ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ་ཞེས་པའི་ཐ་སྙད་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཀྱི་རྗེས་སུ་བཏོན་པ་ཞིག་ཡིན། ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བའི་དུས་རབས་ཁོར་ཡུག་ནི་ཅུང་རྙོག་འཛིང་ཞིག་ཡིན་པ་དང་། དེའི་འགན་འཁྲི་ནི་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་ཡིན་པས། དེ་ནི་བྱེད་ཐེངས་གཅིག་ལ་འགྲུབ་ཐུབ་པ་ཞིག་གཏན་ནས་མིན་པར། དུས་ཡུན་ཧ་ཅང་རིང་བའི་ཁྲོད་དུ་དཀའ་སྡུག་མང་པོ་བསྐྱེད་དགོས་པ་ཞིག་ཡིན། རྣམ་པའི་ཆ་ནས་བཤད་ན། ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ་ནི་ཏང་ཡོན་ལས་བྱེད་པ་ལ་གཟབ་ནན་གྱིས་ཏང་སྐྱོང་བའི་འགན་འཁྲི་གཙོ་བོ་སྟོན་པར་མ་ཟད། སྔར་ལས་ལྷག་པའི་རེ་འདུན་བཏོན་པའང་ཡིན། དེ་ལམ་ལུགས་ཀྱི་གཅུན་ནུས་འདོན་པར་མ་ཟད། མི་དམངས་མང་ཚོགས་ཀྱི་ལྟ་རྟོག་ནུས་པའང་འདོན་སྤེལ་བྱས་ཡོད་པ་རེད། ལག་བསྟར་བྱེད་པའི་ཆ་ནས་བཤད་ན། ཏང་གིས་དེ་བཞིན་དུ་ལག་བསྟར་བྱེད་པའི་འདུ་ཤེས་ནི་ཧ་ཅང་དྲག་པོ་ཡིན་པ་དང་། གཟབ་ནན་གྱིས་ཏང་སྐྱོང་བའི་གོ་རིམ་ཁྲོད་དུ། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ་དང་། རུལ་སུངས་ལྐོག་ཟའི་ངང་ཚུལ་ལ་ཉེས་ཆད་དྲག་པོ་གཅོད་བཞིན་ཡོད་པར་མ་ཟད། ད་དུང་ལག་བསྟར་གྱི་ནུས་ཤུགས་ཇེ་ཆེར་བཏང་སྟེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ལག་ལེན་དོན་འཁྱོལ་བྱེད་པ་རེད།

  ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བའི་བསམ་བློའི་དགོངས་དོན་ནི་ཏང་ནང་རུལ་རྒོལ་གཙང་སྤེལ་བྱེད་པའི་ནུས་ཤུགས་ཇེ་ཆེར་གཏོང་བ་དང་། ཆབ་སྲིད་དྭངས་གསལ་ཡིན་པའི་ཏང་ཞིག་འཛུགས་སྐྲུན་བྱེད་པ་དེ་ཡིན། ནམ་ཡིན་ཡང་རུལ་སུངས་བྱས་ཚེ་མི་ཤི་རྟ་འགྱེལ་གྱི་ལོ་རྒྱུས་གྱོང་གུད་ཏང་ཡོན་ཡོངས་ཀྱིས་བློ་ལ་བརྟན་པོར་འཛིན་དགོས་ཏེ། སྔ་ལམ་བསྐྱར་འགྲོ་གཏན་ནས་བྱེད་མི་རུང་བ་དང་། ངེས་པར་དུ་དྭངས་གསལ་གྱི་ཆབ་སྲིད་འཛུགས་སྐྲུན་དང་། རུལ་སུངས་དང་ངོ་རྒོལ་བྱེད་པའི་ཆབ་སྲིད་ཀྱི་འགན་ཁུར་འགྲུབ་དགོས་པ་རེད། རིག་པ་དྭངས་གསལ་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་བྱེད་པ། བསམ་བློ་དང་ལག་ལེན་སྟེང་དུ་དངོས་སུ་ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ་དང་། མི་དམངས་ཀྱི་ཆེད་དུ་ཆབ་སྲིད་དྭངས་གསལ་གྱི་ཏང་དང་། དོན་དངོས་འགྲུབ་པའི་ཏང་། རྒྱ་ཆེ་བའི་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་ཐུབ་པའི་ཏང་ཞིག་འཛུགས་སྐྲུན་བྱེད་དགོས་པ་དེ་རེད།

  ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ་ནི་ཏང་ནང་གི་ཉིན་རེ་བཞིན་འབུར་དུ་ཐོན་པའི་གནད་དོན་ལ་དམིགས་ནས་བཏོན་པ་ཡིན་ཞིང་། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་བྱེད་པ་དང་ཆབས་ཅིག མི་དམངས་མང་ཚོགས་ཀྱི་བསམ་བློ་ངེས་ཤེས་ཆུ་ཚད་ཀྱང་ཇེ་མཐོར་དུ་སོང་ཡོད། རུལ་སུངས་གནད་དོན་དེ་མང་ཚོགས་ཀྱི་ཁྲོད་དུ་ཏང་ཡོན་གྱི་སྣང་བརྙན་དང་བློ་གཏད་པ་སོགས་ལ་གནོད་པ་ཐེབས་བཞིན་ཡོད་ལ། གུང་ཁྲན་ཏང་གིས་ཡུན་རིང་དུ་སྲིད་འཛིན་ན། རིམ་པ་ཅན་གྱི་གནད་དོན་ལ་དམིགས་ནས། ཏང་འཛུགས་སྐྲུན་ལེགས་པོ་བྱེད་དགོས་པ་རེད། དེ་ནི་ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བའི་བླང་བྱའི་བཏོན་པའི་དམིགས་ཡུལ་རེད། ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ་ལེགས་པར་རྒྱུན་འཁྱོངས་བྱས་ན། ཏང་གི་སྣང་བརྙན་ད་གཟོད་ཇེ་བཟང་དུ་ཡོང་ཐུབ་པ་དང་། ཏང་ལ་བློ་གཏོད་པའི་མང་ཚོགས་ཀྱང་ཇེ་མང་དུ་འགྲོ་ཐུབ་པ་རེད།

  གཉིས།

  དུས་རབས་གསར་བའི་འོག ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ་ཞེས་པ་ནི་ཏང་ཡོན་ལས་བྱེད་པ་རྣམས་ལ་ཏང་གི་ཆབ་སྲིད་རྩ་འཛུགས་ནི་ཅི་འདྲ་ཞིག་ཡིན་པ་ཤེས་སུ་འཇུག་པ་དེ་རེད། ཆབ་སྲིད་ནི་རྒྱལ་ཁབ་དང་སྤྱི་ཚོགས་བཅོས་སྐྱོང་བྱེད་པ་ཞིག་ཡིན། དེ་བས། སྲིད་འཛིན་ཏང་གི་བྱ་བ་ནི་ཆབ་སྲིད་སྐུལ་སློང་དང་། ཆབ་སྲིད་གཅིག་འདོམས། ཆབ་སྲིད་མཐུན་འགྲིག ཆབ་སྲིད་ཁྲིད་སྟོན། ཆབ་སྲིད་འདོམས་སྒྲིག་སོགས་རེད། འགོ་ཁྲིད་ལས་བྱེད་པ་ནི་དེ་བཞིན་དུ་ཆབ་སྲིད་ཀྱི་འོས་འགན་འགན་ལ་བབ་པ་དང་། གཟབ་ནན་གྱིས་ཏང་སྐྱོང་བ་དང་ཏང་བཅོས་སྐྱོང་བྱེད་པ་ནི་སྨོས་མ་དགོས་པ་རེད།

  1.ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་ན། ངེས་པར་དུ་སྲིད་ཏང་གི་ཆབ་སྲིད་ཀྱི་ངོ་བོའམ་ཁྱད་ཆོས་གསལ་བོ་ཤེས་དགོས།

  "སྲིད་ཏང་ནི་གྲལ་རིམ་དང་རིམ་གྲས། ཡང་ན་ཕྱོགས་ཁག་ངེས་ཅན་ཞིག་གི་ཁེ་ཕན་མཚོན་ཡོད་པ་དང་། རྒྱལ་ཁབ་ཀྱི་སྲིད་དབང་ལ་འཛིན་པའམ་ནང་དུ་ཞུགས་པ་སོགས་ལ་བརྟེན་ནས་རང་ཉིད་ཀྱི་ཆབ་སྲིད་རྩ་འཛིན་མངོན་འགྱུར་བྱེད་པའི་ཆབ་སྲིད་རྩ་འཛུགས་ཤིག་ཡིན་པ་རེད།" ཚིག་དེའི་ནང་དོན་ལས་ཤེས་ཐུབ་པ་ནི། སྲིད་ཏང་གི་རྩ་བའི་རང་བཞིན་ནི་ཐོག་མར་རང་ཉིད་ཀྱི་ཆབ་སྲིད་ངོ་བོ་མངོན་འགྱུར་བྱེད་པ་དེ་རེད། ཆབ་སྲིད་ངོ་བོ་ནི་སྲིད་ཏང་གི་ཆབ་སྲིད་དམ་བཅའ་དང་། ཆབ་སྲིད་དགོངས་དོན། ཆབ་སྲིད་ནུས་པ། ཆབ་སྲིད་རྩ་འཛིན་སོགས་ཆབ་སྲིད་ཀྱི་ཆ་རྐྱེན་ལ་བརྟེན་ནས་མངོན་འགྱུར་བྱེད་པ་ཞིག་རེད། དེ་བཞིན་དུ། སྲིད་ཏང་གི་ངོ་བོའི་ཁྲོད་དུ། མང་ཚོགས་ཀྱི་ཁེ་ཕན་འཐོབ་པའི་རེ་འདུན་འདུས་ཡོད་པ་ནི་སྨོས་མ་དགོས་པ་རེད། སྲིད་ཏང་གང་ཡིན་ཡང་དེ་ལ་རང་ཉིད་ཀྱི་ཆབ་སྲིད་དམ་བཅའ་དང་ཆབ་སྲིད་དགོངས་དོན་ཡོད་པ་རེད། ཆབ་སྲིད་དམ་བཅའ་དང་ཆབ་སྲིད་དགོངས་དོན་གང་ཡིན་ཡང་། སྲིད་ཏང་གི་གཞི་འཛིན་སའམ་དམིགས་ས་ནི་མང་ཚོགས་ཀྱི་ཁེ་ཕན་འཐོབ་པའི་རེ་འདུན་ལས་ཁྱབ་སྤེལ་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་བཙུགས་པའི་ཉིན་ནས་བཟུང་སྟེ། "ཀྲུང་གོའི་ངལ་རྩོལ་མང་ཚོགས་བཅིངས་འགྲོལ་བྱེད་དུ་འཇུག་པ"ནི་རང་ཉིད་ཀྱི་འབད་བརྩོན་དམིགས་ཡུལ་དུ་བཟུང་བ་རེད། མར་ཁེ་སི་དང་ཨེན་ཀི་སིས《གུང་ཁྲན་ཏང་གི་བསྒྲགས་གཏམ》ལས་ནན་གྱིས་གསུང་དོན། "སྔོན་ཆད་ཀྱི་བྱ་འགུལ་ཡོད་ཚད་ནི་མི་ཉུང་ཤས་སམ་མི་ཉུང་ཤས་ཀྱི་ཆེད་དུ་ཁེ་ཕན་བརྩོན་ལེན་བྱེད་པའི་བྱ་འགུལ་ཡིན་མོད། འོན་ཀྱང་འབྱོར་མེད་གྲལ་རིམ་གྱི་བྱ་འགུལ་ནི་མི་མང་ཤས་སམ་མི་མང་ཤས་ཀྱི་ཆེད་དུ་ཁེ་ཕན་བརྩོན་ལེན་བྱེད་པའི་བྱ་འགུལ་ཁོ་ན་ཡིན་ནོ། །"སྲིད་ཏང་གི་ཆབ་སྲིད་ངོ་བོ་དེ་མང་ཚོགས་ཀྱི་ཁེ་ཕན་འཐོབ་པའི་རེ་འདུན་མངོན་ཅི་ཐུབ་བྱས་ན། སྲིད་འཛིན་ཏང་གི་སྲིད་སྐྱོང་གོ་གནས་དེ་ཙམ་གྱིས་ཡུན་རིང་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་སྐབས་གསུམ་པའི་སྟེང་བཏོན་པའི་བཅོས་བསྒྱུར་བྱེད་པའི"གཞི་འཛིན་ས་ནི་སྤྱི་ཚོགས་འདྲ་མཉམ་དྲང་བདེན་ལ་སྐུལ་སྤེལ་བྱེད་པ་དང་། མི་དམངས་ཀྱི་ཁེ་ཕན་འཕེལ་རྒྱས་གཏོང་བ"དེ་ཡིན་པར་བསྟན་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་ཞེས་པའི་འཐབ་ཇུས་བཀོད་སྒྲིག་ཀྱང་སྲིད་འཛིན་ཏང་གི་སྲིད་འཛིན་དབང་ཤུགས་མཐོར་འདེགས་བྱེད་པ་དང་། སྲིད་འཛིན་གྱི་ཁྲིམས་མཐུན་རང་བཞིན་མངོན་འགྱུར་བྱེད་པའི་བྱེ་བྲག་གི་མཚོན་བྱེད་ཡིན་ནོ། །

  2.ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་ན་སྲིད་ཏང་གི་རིན་ཐང་དམིགས་ཡུལ་དམ་འཛིན་བྱ་དགོས།

  སྲིད་ཏང་གི་རིན་ཐང་དམིགས་ཡུལ་གཙོ་བོ་ནི་སྲོག་ཤིང་རིན་ཐང་དམིགས་ཡུལ་དང་། རྩ་བའི་དམིགས་ཡུལ་རིན་ཐང་གཉིས་འདུས་ཡོད་པ་དང་། སྔ་མ་ནི་སྲིད་ཏང་གིས་འགྲུབ་དགོས་པའི་མཐར་ཐུག་གི་དམིགས་ཡུལ་ལམ་དམིགས་ཡུལ་ཆེས་མཐོ་བ་ཡིན་པ་དང་། དེ་གཏན་འཇགས་རང་བཞིན་ལྡན་པ་རེད། ཕྱི་མ་ནི་སྲིད་ཏང་གིས་མཐར་ཐིག་གི་དམིགས་ཡུལ་མངོན་འགྱུར་བྱེད་པའི་ཆེད་དུ་ངེས་གཏན་གྱི་ལོ་རྒྱུས་དུས་རིམ་ཁྲོད་དུ་མངོན་འགྱུར་བྱ་དགོས་པའི་རིམ་པ་ཅན་གྱི་དམིགས་ཡུལ་ལམ་རྩ་བའི་དམིགས་ཡུལ་ལ་གོ་བ་ཡིན། སྲིད་ཏང་གི་རིན་ཐང་དམིགས་ཡུལ་གྱིས་སྲིད་ཏང་གི་ངོ་བོ་མཚོན་ཡོད་པ་རེད། དེང་རབས་འཛམ་གླིང་གི་སྲིད་ཏང་གང་ཡིན་ཡང་ཕྱི་རོལ་ལ་རང་ཉིད་ཀྱི་རིན་ཐང་དམིགས་ཡུལ་གྱི་སྔོན་ཐོན་རང་བཞིན་མངོན་ཏེ། ཆེས་རྒྱ་ཆེ་བའི་མང་ཚོགས་ཀྱི་ངེས་ལེན་དང་རྒྱབ་སྐྱོར་ལ་བརྩོན་ལེན་བྱེད་བཞིན་ཡོད་པ་རེད། དུས་རབས21ནང་དམངས་གཙོ་ཆབ་སྲིད་མགྱོགས་མྱུར་ངང་འཕེལ་རྒྱས་བྱེད་པའི་དུས་ལ། སྲིད་ཏང་གི་སྐྱེ་སྟོབས་ནི་སྤྱི་ཚོགས་ཀྱི་དམངས་སེམས་དང་འབྲེལ་ཡོད་པ་རེད། དམངས་སེམས་ཤོར་སོང་ན། ཏང་འཛུགས་པའི་རྩ་བའང་ཤོར་བ་རེད། མང་ཚོགས་འབྱོར་ཕྱུག་ལྡན་པ་ཡིན་ན་སྤྱི་ཚོགས་ཁོངས་མི་ཚང་མས་རང་ཉིད་ཀྱི་ཕྱོགས་སོ་སོའི་དགོས་མཁོ་སྐོང་ཐུབ་པ་མཚོན་ཡོད་པ་དང་། སྤྱི་ཚོགས་དྲང་གཞག་དྲང་བདེན་ཡིན་ན། སྤྱི་ཚོགས་ཀྱི་ཁོངས་མི་ཡི་རང་གི་ཁེ་ཕན་དང་དབང་ཆ་སོགས་ཐོབ་ཐུབ་པར་མཚོན་ཡོད་པ་རེད། དེ་བས། ཏང་གི་སྒྲིག་ཡིག་ལས། ཀྲུང་གོ་གུང་ཁྲན་ཏང་གིས་ནམ་ཡིན་ཡང་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་ཁེ་ཕན་མཚོན་ཡོད་པ་རེད། ཅེས་གསལ་བོར་བསྟན་ཡོད། སྔོན་ཆད་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁ་འཐོབ་པའང་ཏང་གི་དགོངས་དོན་དང་འདུ་ཤེས་འཛིན་སྟངས་དེ་ལ་བརྟེན་པ་ཡིན་ནོ། །དུས་རབས21ནང་སྲིད་ཏང་གི་སྤྱིའི་འཕེལ་རྒྱས་ཁ་ཕྱོགས་ལ་བལྟས་ན། འཚར་ལོངས་འབྱུང་བཞིན་པ་དང་དོན་ལ་གནས་པའི་སྲིད་ཏང་ཞིག་ཡིན་ན། བསམ་བློ་དང་འདུ་ཤེས་འཛིན་སྟངས་ཚང་མ་དཔལ་འབྱོར་ཡར་རྒྱས་ལ་སྐུལ་འདེད་དང་། དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པ་དེ་སྲིད་འཛིན་གྱི་རིན་ཐང་དམིགས་ཡུལ་དུ་བཟུང་ཡོད་པ་རེད། ཀྲུང་གོ་གུང་ཁྲན་ཏང་གིས་བཏོན་པའི"འཕེལ་རྒྱས་གཏོང་བར་མི་དམངས་ལ་བརྟེན་པ་དང་། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཡོངས་ཀྱིས་མཉམ་རོལ་བྱེད་པ།" ཞེས་པའི་སྲིད་འཛིན་གྱི་འདུ་ཤེས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བའི་བསམ་བློའི་རིན་ཐང་གི་གཞི་འཛིན་ས་རུ་གྱུར་ཡོད།

  3.ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་ན་རང་རྟོགས་ཀྱིས་ཆབ་སྲིད་སྐྱེ་ཁམས་ལེགས་པོ་ཞིག་སྐྲུན་དགོས་པ།

  ཆབ་སྲིད་སྐྱེ་ཁམས་ནི་ཆབ་སྲིད་འཚོ་བའི་གནས་བབ་དང་ཆབ་སྲིད་འཕེལ་རྒྱས་ཁོར་ཡུག་གི་མཚོན་བྱེད་ཡིན་ཞིང་། ཏང་སྲོལ་དང་། སྲིད་སྲོལ། སྤྱི་ཚོགས་དར་སྲོལ་སོགས་ཕྱོགས་བསྡུས་ཀྱི་མཚོན་བྱེད་ཡིན། ཆབ་སྲིད་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ནི་རིམ་པ་ཅན་གྱི་བཟོ་བཀོད་ཅིག་ཡིན་ལ། དེར་ཕྱོགས་སོ་སོའི་ཆ་རྐྱེན་དུ་མ་ལྡན་པས། ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་ན། ངེས་པར་དུ་ཆབ་སྲིད་ཁོར་ཡུག་འཛུགས་སྐྲུན་ལེགས་པར་བཏང་བ་དམིགས་ཡུལ་དུ་འཛིན་དགོས་པ་རེད། ཏང་གི་འཛུགས་སྐྲུན་ནམ། ཏང་ཡོན་ལས་བྱེད་པ་རང་ཉིད་ཀྱི་འཕེལ་རྒྱས་མཚོན་པར་ཆབ་སྲིད་སྐྱེ་ཁམས་ཀྱི་གནད་དོན་ནི་ཤིན་ཏུ་གལ་ཆེན་ཞིག་ཡིན་པ་སྨོས་མ་དགོས་པ་རེད། དེའི་རྒྱུ་རྐྱེན་ནི། "མི་ནི་ཁོར་ཡུག་གི་ཐོན་དངོས་ཡིན"ཞེས་པ་ལྟར། ཁོར་ཡུག་ལེགས་པོ་ཞིག་གིས་མི་རྣམས་ཧུར་བརྩོན་ཡར་སྐྱེད་ཅན་དུ་གཏོང་བ་དང་། ཁོར་ཡུག་ངན་པ་ཞིག་གིས་མི་ནི་རུལ་སུངས་མ་རབས་ཤིག་ཏུ་གཏོང་བ་རེད། དེ་བས། འགོ་ཁྲིད་ལས་བྱེད་པའི་བྱ་སྤྱོད་ནི་ཆབ་སྲིད་སྐྱེ་ཁམས་ཀྱི་རྨང་གཞི་ཡིན་ལ། ཆབ་སྲིད་སྐྱེ་ཁམས་གཙང་སྤྲ་བྱེད་ན། ངེས་པར་དུ་འགོ་ཁྲིད་ལས་བྱེད་པ་གནད་དུ་བཟུང་སྟེ། ཁོ་ཚོ་ལ་ལྟ་རྟོག་དང་བཀག་འཛིན་བྱེད་པར་ཤུགས་སྣོན་བྱེད་དགོས། གལ་ཏེ་འགོ་ཁྲིད་ལས་བྱེད་པས་གང་འདོད་ཀྱིས་ཅི་བྱེད་འདི་བྱེད་བྱས་ན། ཏང་སྲོལ་དང་རྒྱལ་ཁྲིམས་རྣམས་གྱང་རྩ་རུ་གཡུག་པ་དང་། ཆབ་སྲིད་སྐྱེ་ཁམས་ཁོར་ཡུག་རྡུག་པོ་ཡིན་པ་ཁོ་ཐག་རེད། ཆབ་སྲིད་སྐྱེ་ཁམས་ཁོར་ཡུག་ལེགས་པོར་བཏང་བ་ནི་ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བའི་བྱ་བ་གལ་ཆེན་ཡིན་པ་དང་། ཏང་ཡོངས་ཀྱིས་ངེས་པར་དུ་ཆབ་སྲིད་རང་རྟོགས་དང་ཆབ་སྲིད་ཀྱི་བློ་གྲོས་ཀྱིས་ཆབ་སྲིད་སྐྱེ་ཁམས་གཙང་དག་བྱེད་པའི་གལ་ཆེན་གྱི་དོན་སྙིང་ཟབ་མོར་བཟུང་སྟེ། ཤེས་བྱ་དང་ལག་ལེན་གཉིས་ཀྱི་སྟེང་ནས་གཅིག་གྱུར་བྱ་དགོས།

  4.ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་ན་ཆབ་སྲིད་འདུ་ཤེས་ལ་ཤུགས་སྣོན་དང་། ཆབ་སྲིད་ཀྱི་ཚོར་སྐྱེན་ཇེ་དྲག་ཏུ་གཏོང་དགོས།

  ཆབ་སྲིད་འདུ་ཤེས་ནི་ཏང་ཡོན་འདུ་ཤེས་ཀྱི་སྙིང་བོ་ཡིན། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་འདུ་ཤེས་ནི་རང་འགྲུབ་ཀྱིས་མངོན་འགྱུར་བྱུང་བ་ཞིག་མིན་པར། དེ་ནི་གཟབ་ནན་གྱིས་ཏང་སྐྱོང་བ་དང་ཏང་ལ་དོ་དམ་བྱེད་པ། དུས་ཡུན་རིང་བོའི་སྦྱོང་བརྡར་དང་སློབ་སྦྱོང་གི་འབྲས་བུ་ཡིན་ནོ། །རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་ལ་མཚོན་ན། ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ་ལས་ཆེས་གལ་ཆེ་བ་ཞིག་ནི་ཆབ་སྲིད་འདུ་ཤེས་ལ་ཤུགས་སྣོན་བྱེད་པ་དང་། ཆབ་སྲིད་ཀྱི་ཆུ་ཚད་མཐོར་འདེགས་བྱེད་པ་དེ་ཡིན། ད་ལྟའི་དུས་ལ་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱིས་ཏང་གཤིས་བརྗེད་པ་དང་། ཚད་གཞི་བརྩི་སྲུང་མི་བྱེད་པ། ཆབ་སྲིད་སྒྲིག་ལམ་མེད་པ། ཉིན་རྒྱུན་གྱི་ལས་དོན་ལ་སེམས་ཁུར་བྱེད་པ་མ་གཏོགས་ཆབ་སྲིད་ལ་དོ་སྣང་མི་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་མི་བྱེད་པ། "དཔལ་འབྱོར་ཡར་རྒྱས་གཏོང་ཐུབ་ན། ཕུགས་བསམ་དང་རིང་ལུགས་གང་ཡིན་ཡང་ཆོག་པའི"ལྟ་བ་འཛིན་པ་སོགས་རྙོག་འཛིང་ཆེ་བའི་བཅོས་བསྒྱུར་སྒོ་འབྱེད་ཁྲོད་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་བརླག་པ་བཅས་རེད། དེ་བས། ཆབ་སྲིད་འདུ་ཤེས་ཤུགས་སྣོན་བྱེད་པ་དང་། ཆབ་སྲིད་ཀྱི་ཚོར་སྐྱེན་ཇེ་དྲག་ཏུ་གཏོང་བ། ཏང་ཡོན་ལས་བྱེད་པའི་ལུས་སེམས་ཀྱི་རྟེན་གཞི་གང་ཡིན་པ་ཤེས་དགོས་པ་དང་། ནམ་ཡིན་ཡང་ཏང་གི་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། དུས་གནས་གང་ཡིན་ཡང"རང་རློམ་གསུམ"ཡིད་ལ་བཅངས་ཤིང་། ཏང་གི་ཕུགས་སེམས་འདུ་ཤེས་སོགས་སྲ་བརྟན་སྒོས་ཡིད་ལ་བཟུང་སྟེ། ད་ལྟའི་ཏང་གི་བརྒྱ་ལོ་གཉིས་ཀྱི་འབད་བརྩོན་དམིགས་ཡུལ་ལ་བརྩོན་ལེན་བྱེད་དགོས།

  ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ་ནི་ཀྲུང་གུང་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ་ཏང་གི་འཛུགས་སྐྲུན་ཕྱོགས་ཀྱི་རླབས་ཆེན་བའི་ལག་ལེན་ཞིག་ཡིན་པར་མ་ཟད། ད་དུང་ད་ལྟ་གསར་དུ་ཆགས་པའི་ཤིན་ཏུ་གལ་ཆེན་གྱི་ལྟ་བ་ཞིག་ཀྱང་ཡིན་པ་རེད། ཀྲུང་གོའི་གུང་ཁྲན་ཏང་གི་འཛུགས་སྐྲུན་ལོ་རྒྱུས་སྟེང་གི"གཟབ་ནན་གྱིས་ཏང་སྐྱོང་བ"ཞེས་པའི་བསམ་བློ་ནང་དོན་ལ"ཕྱོགས་ཡོངས་ནས"ཞེས་པའི་ཡིག་འབྲུ་ཁ་སྣོན་པ་ནི་ལོ་རྒྱུས་གོ་རིམ་ཁྲོད་ཀྱི་ཏང་གི་འཛུགས་སྐྲུན་དང་དེ་ལས་བྱུང་བའི་ཉམས་མྱོང་གི་སྤྱི་བསྡོམས་ཡིན་ལ། དེ་ནི་དུས་བབ་གསར་བའི་འོག་ཏང་གི་འཛུགས་སྐྲུན་གྱི་ཤིན་ཏུ་གལ་ཆེ་བའི་ཕྱོགས་སྟོན་སྙིང་བོའང་ཡིན། དེ་ནི་གུང་ཁྲན་ཏང་འཛུགས་སྐྲུན་བྱེད་པའི་རྒྱུན་མཐོང་གི་རྣམ་པ་གསར་བ་ཡང་ཡིན། ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ་ཞེས་པའི་གོ་རིམ་ལ་ངལ་གསོ་མེད་པ་དང་། དེ་ལ་རྒྱུན་ཆད་མེད་པར་འབད་བརྩོན་བྱས་ཚེ། ད་གཟོད་དེང་རབས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་ཁྲོད་འགོ་ཁྲིད་ཀྱི་རྩ་བ་བརྟན་པོ་ཞིག་འཛུགས་སྐྲུན་བྱེད་ཐུབ་པ་རེད།

སྐལ་ལྡན་དོན་གྲུབ་ཀྱིས་བསྒྱུར།