པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཆབ་མདོར་བརྟག་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་གནང་བ།

       མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་29ཉིན་ནས་ཟླ་9ཚེས་4ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཆབ་མདོར་བརྟག་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་གནང་བ་རེད།

  ཟླ་8ཚེས་29ཉིན་གྱི་སྔ་དྲོའི་ཆུ་ཚོད་9པ་ཙམ་ལ། པཎ་ཆེན་རིན་པོ་ཆེ་བཞུགས་པའི་གནམ་གྲུ་ཆབ་མདོའི་སྤང་མདའ་གནམ་ཐང་དུ་འབྱོར་བ་དང་། ཆབ་མདོ་གྲོང་ཁྱེར་གྱི་འགོ་ཁྲིད་གཙོ་བོས་གནམ་ཐང་དུ་སྤྲོ་སེམས་འཁོལ་པོས་པཎ་ཆེན་རིན་པོ་ཆེར་བསུ་བ་ཞུས་པ་དང་འབྲེལ། མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་ཕོ་མོ་གཞོན་དར་ཚོས་པཎ་ཆེན་རིན་པོ་ཆེར་ཕྱེ་མར་བཀྱག་གནང་བ་རེད། གནམ་ཐང་དུ་ད་དུང་མང་ཚོགས་ཀྱི་འཐུས་མི་བརྒྱ་ལྷག་ཙམ་གྱིས་མཇལ་དར་འཁྱེར་ནས་པཎ་ཆེན་རིན་པོ་ཆེ་ཆབ་མདོར་ཕེབས་པར་དགའ་བསུ་ཞུས་པ་རེད།

  ཆབ་མདོར་ཕེབས་ཐེངས་དང་པོ་ཡིན་པའི་པཎ་ཆེན་རིན་པོ་ཆེས་དང་ཐོག་གྲོང་ཚོ་དང་དགོན་སྡེར་ཕེབས་ཏེ་བརྟག་ཞིབ་གནང་བ་དང་སྦྲགས། མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་མཁྱེན་རྟོགས་གནང་བ་མ་ཟད། ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་རིང་དད་ལྡན་མང་ཚོགས་ཚོའི་འདོད་བློ་སྐོང་གང་ཐུབ་གནང་བ་རེད། དེའི་རིང་པཎ་ཆེན་རིན་པོ་ཆེས་སྔ་རྗེས་སུ་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་ཀོང་ཏུང་གྲོང་གསར་དང་། ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོ། ཁ་རུབ་གྲོང་རྡལ་ཁ་རུབ་གྲོང་ཚོ། ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་གསར་སྤེལ་ཁུལ། རི་དུང་བོད་སྨན་བཟོ་གྲྭ་བཅས་ལ་ཕེབས་ཏེ་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་དང་། གྲོང་གསེབ་གསར་པ་འཛུགས་སྐྲུན། གནད་སྨིན་དབུལ་སྐྱོར་གྱི་ལས་དོན། ཐོན་སྐྱེད་འཛུགས་སྐྲུན་སོགས་ཀྱི་ཐད་འབྲེལ་ཡོད་འགན་འཁུར་བའི་ངོ་སྤྲོད་གསན་ནས་སྤེལ་རེས་ཀྱང་གནང་བ་རེད།

  བརྟག་ཞིབ་གནང་རིང་། པཎ་ཆེན་རིན་པོ་ཆེས་ད་དུང་ཁྱིམ་ཚང་དབུལ་པོར་འཚམས་འདྲི་གནང་བ་དང་ཆབས་ཅིག ཁྱིམ་དུད་དབུལ་པོ་དང་བྱམས་བརྩེའི་གླེང་མོལ་གནང་ནས་ཁོང་ཚོར་སྨན་བཅོས་དང་། སློབ་གསོ། སྡོད་ཁང་། ཡོང་འབབ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་སྦྲགས་འཚམས་འདྲིའི་དངུལ་ཡང་སྤྲད་གནང་བ་རེད། པཎ་ཆེན་རིན་པོ་ཆེས་མེས་རྒྱལ་ཉིན་རེ་བཞིན་སྟོབས་ཆེར་སོང་བ་ལས་མང་ཚོགས་དབུལ་པོའི་ཐོན་སྐྱེད་དང་འཚོ་བ་སྔར་བས་འགན་ལེན་ཐུབ་ཀྱི་ཡོད། ཚང་མས་ཕན་པ་གང་ནས་བྱུང་བ་ཤེས་པ་བྱེད་དགོས་ལ། གོང་རིམ་གྱི་འབྲེལ་ཡོད་རོགས་རམ་འོག་དང་རང་ངོས་ཀྱི་དཀའ་སྤྱད་འབད་བརྩོན་བརྒྱུད་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་ཡང་བྱེད་དགོས་ཞེས་གསུངས་པ་རེད།

  པཎ་ཆེན་རིན་པོ་ཆེས། བརྟག་ཞིབ་གནང་བ་བརྒྱུད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་ལྗོངས་ཏང་ཨུད་ཀྱི་སྣེ་ཁྲིད་འོག ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མི་རིགས་ཁག་དང་ལས་རིགས་ཁག་དབར་མཐུན་སྒྲིལ་དང་ཐུན་མོང་འབད་འཐབ་བརྒྱུད། ཆབ་མདོར་འཕོ་འགྱུར་ཆེན་པོ་བྱུང་བ་ཚོར་བྱུང་ལ། རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་བཅའ་ཁྲིམས་ཀྱི་འགན་ལེན་ཡོད་པ་དང་དད་ལྡན་མང་ཚོགས་ཚོས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལོངས་སུ་སྤྱོད་བཞིན་པའང་མཐོང་བ་མ་ཟད། དར་རྒྱས་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། ཡར་ངོའི་ཟླ་ལྟར་འཕེལ་བའི་དགའ་འོས་པའི་རྣམ་པ་བཟང་པོའང་མཐོང་བྱུང་ཞེས་གསུངས་པ་རེད།

  པཎ་ཆེན་རིན་པོ་ཆེས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ནི་མི་རིགས་ཁག་དང་ལས་རིགས་ཁག་གི་སྲོག་རྩ་ཡིན། མཐུན་སྒྲིལ་བརྟན་ལྷིང་གི་གནས་བབ་འོག་མང་ཚོགས་ཀྱིས་གཞི་ནས་བདེ་སྐྱིད་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་ཐུབ། ཁོང་གིས་ཆབ་མདོའི་མི་རིགས་ཁག་དང་ལས་རིགས་ཁག་གིས་ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གི་རྨང་རྡོ་ཐུན་མོང་ཐོག་བརྟན་དུ་གཏོང་བའི་ཁར་ཁྱབ་ཁོངས་ཁག་ནང་རང་ཉིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་ཐུགས་རེ་གནང་བ་རེད། ཆོས་ལུགས་ལས་རིགས་མི་སྣས་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་ནང་སྤྱི་ཚོགས་ཡར་རྒྱས་དང་འཚམ་པའི་བསྟན་དོན་སྔོག་འདོན་བྱེད་པ་དང་སྤྱི་ཚོགས་ཀྱི་དགེ་སྒྲུབ་སྤྱི་ཕན་བྱ་གཞག་ལ་ཧུར་ཐག་ཞུགས་པ་དང་། ལྷག་པར་དུ་དབུལ་སྐྱོར་འགག་སྒྲོལ་བྱ་གཞག་ལ་ནུས་པ་ཕྲན་བུ་འདོན་དགོས་པའི་ཐུགས་རེ་གནང་བ་རེད། མཇུག་ཏུ་ཁོང་གིས་ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་སྲིད་ཇུས་མུ་མཐུད་དོན་འཁྱོལ་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་ཐུགས་ཁུར་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་བ་བྱེད་པ་དང་འབྲེལ། ཆབ་མདོ་འདི་ཉིད་དེ་བས་མཛེས་སྡུག་དང་དར་རྒྱས་ཡོང་བའི་སྨོན་འདུན་ཡང་ཞུས་གནང་བ་རེད། ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་ནང་། པཎ་ཆེན་རིན་པོ་ཆེར་ཆབ་མདོའི་དད་ལྡན་མང་ཚོགས་ཀྱི་གུས་བཀུར་ཐོབ་པ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད། པཎ་ཆེན་རིན་པོ་ཆེས་ཆབ་མདོའི་བྱམས་པ་གླིང་དང་ཁ་རུབ་ཆུས་ཀྱི་སྐྱོ་དགོན་བསམ་གྲུབ་གླིང་ལ་སྔ་རྗེས་སུ་ཕེབས་ཏེ་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་ནས་མང་ཚོགས་ལ་ཕྱག་དབང་གནང་བ་དང་སྦྲགས། དགོན་སྡོད་ལས་བྱེད་པར་གཟིགས་ནས་འཚམས་འདྲི་ཡང་གནང་བ་རེད། ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་རིང་དགོན་སྡེ་ཁག་གིས་ཚད་གཞི་མཐོ་བའི་ཆོས་ལུགས་ཀྱི་མཛད་སྒོ་གཟབ་རྒྱས་སྤེལ་ནས་པཎ་ཆེན་རིན་པོ་ཆེ་གདན་འདྲེན་ཞུས་ཤིང་། ཆོས་ཕྱོགས་ཀྱི་མཛད་སྒོ་ཐུགས་གྲ་ལེགས་འགྲིག་བྱུང་བ་དེ་ཐོག་ནས་པཎ་ཆེན་རིན་པོ་ཆེའི་སྙན་གྲགས་དད་ལྡན་མང་ཚོགས་ཚོའི་སེམས་ནང་ཉིན་བཞིན་ཆེ་རུ་སོང་བ་དང་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཆེ་མོའི་སྤྱི་ཕན་དགེ་སྒྲུབ་དང་བྱམས་སྙིང་རྗེ་བསྒོམ་པའི་གཟུགས་བརྙན་བཟང་པོ་མངོན་པ་རེད།