བོད་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་གནད་དོན་གྱི་དག་ཐེར་དོན་འཁྱོལ་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར། བོད་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་བསྒྲུབ་རྒྱུར་སྤྲད་པའི་ཡིག་བསྐུར་ངོ་བཅར་གྱི་གྱོད་གཞིར་མུ་མཐུད་མཐོང་ཆེན་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་འཕྲལ་དུ་དག་ཐེར་དང་། འཕྲལ་དུ་དོན་འཁྱོལ། འཕྲལ་དུ་ཕན་འབྲས་ཐོན་པ་བཅས་བྱས་ནས་བྱ་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ཁོར་ཡུག་དག་ཐེར་ལས་དོན་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།

  “ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ལམ་བྱང་ཕྱོགས་གྲོང་ལྷན་འགྲམ་གྱི་སྲང་ལམ་དུ་དགོང་མོའི་ཆུ་ཚོད7པ་ཙམ་ལ་རླངས་འཁོར་འགག་ནས་རླངས་འཁོར་གྱི་དུང་སྒྲས་གྲོང་མིར་སུན་པོ་བཟོ་ཡི་འདུག”ཅེས་པའི་མང་ཚོགས་ཀྱི་ཐེར་འདོན་འབྱོར་རྗེས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ཤར་རུ་ཆེན་གྱིས་ལམ་དུམ་དེའི་གང་སར་བཞག་པའི་རླངས་འཁོར་དང་དུང་བརྡ་གྲགས་མཁན་རླངས་འཁོར་ལ་ཆེད་དོན་བཅོས་སྒྲིག་བྱས་ཏེ་དྲིལ་བསྒྲགས་ཤོག་བྱང100ལྷག་ཙམ་སྤྲད་པ་དང་འབྲེལ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ང་གཉིས་ཀྱི་གཏན་འབེབས་གཞིར་བཟུང་། སྒྲིག་འགལ་ངང་བཞག་པའི་རླངས་འཁོར་3ལ《ཆད་གཅོད་ཡི་གེ》སྦྱར་ནས་སོ་སོར་དངུལ་ཆད་སྒོར200བཏང་བ་དང་ཆེད་དོན་ཐབས་ཇུས་བཟོས་ནས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་དུས་བཀག་ནང་སྐོར་གཡེང་བྱས་ནས་ཁྲིམས་འཛིན་ཆད་པ་གཅོད་ཤུགས་ཆེ་རུ་བཏང་བ་རེད།

  ནག་ཆུ་ས་ཁུལ་ནག་ཆུ་གྲོང་རྡལ་དུ་ནག་ཆུ་ས་ཁུལ་བདེ་སྡོད་ལས་གྲྭའི་རྒྱལ་སྒོ་ནུབ་ཀྱི་གཡས་ངོས་ཀྱི་ཁོར་ཡུག་བཙོག་ཟིང་ཞན་གསུམ་ཡིན་པ་མ་ཟད། མི་འགའ་ཞིག་གིས་སྐྱག་གཅིན་གང་བྱུང་དུ་བཏང་བ་དང་ཨར་སྐྲུན་གད་སྙིགས་གང་སར་སྤུངས་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཟླ9ཚེས15ཉིན། ནག་ཆུ་ས་ཁུལ་གྲོང་ཁྱེར་དོ་དམ་ཨུ་ལྷན་གྱིས་ཁོར་ཡུག་གཙང་སྦྲའི་བཟོ་པ་བཀོད་སྒྲིག་བྱས་ཏེ་བདེ་སྡོད་ལས་གྲྭའི་རྒྱལ་སྒོ་ནུབ་ཀྱི་གཡས་ངོས་སུ་གཙང་སྦྲ་བྱས་པ་དང《གྲོང་ཁྱེར་གྱི་ཨར་སྐྲུན་གད་སྙིགས་དོ་དམ་གཏན་འབེབས》ཀྱི་དོན་ཚན་ཉི་ཤུའི་གཏན་འབེབས་གཞིར་བཟུང་། ལིན་ཀྲོའུ་ཁྲང་ཧུང་ཨར་སྐྲུན་ཚད་ཡོད་ཀུང་སིར་ཟླ9ཚེས15ཉིན་གོང་དག་ཐེར་བྱེད་མཇུག་འགྲིལ་དགོས་པའི་བཀའ་བཏང་བ་དང་སྦྲགས་སྲིད་འཛིན་དངུལ་ཆད་སྒོར1000བཏང་བ་རེད། གཙང་སྦྲའི་དོ་དམ་དངུལ་དང་གད་སྙིགས་དབོར་དངུལ་བསྐྱལ་མེད་པའི་དུད་ཚང་ལ་ཟླ10ཚེས1ཉིན་གོང་སྐྱེལ་དགོས་པའི་བླང་བྱ་བཏོན་པ་རེད། གོམ་སྟབས་རྗེས་མར། ནག་ཆུ་ས་ཁུལ་གྲོང་ཁྱེར་དོ་དམ་ཨུ་ལྷན་གྱིས་ཁོར་ཡུག་གཙང་སྦྲའི་མི་སྣ་བཀོད་སྒྲིག་བྱས་ཏེ་གཙང་སྦྲ་བྱེད་ཐེངས་མང་དུ་བཏང་ནས་ཁོར་ཡུག་ལེགས་པོ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་རེད།

  “གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་རྐང་ཐང་ལམ་གྱི་ནུབ་མཐའི་ལམ་དུམ་དུ་ཚོང་པས་འགྲོ་ལམ་བཟུང་ནས་ཁྲོམ་བཏོན་པས་ཁོར་ཡུག་བཙོག་ཟིང་ཞན་རེད་འདུག” ཟླ9ཚེས16ཉིན་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་བསྒྲུབ་རྒྱུར་སྤྲད་པའི་གྱོད་གཞི་འབྱོར་རྗེས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་ཁྱེར་དོ་དམ་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱིས་རྒྱལ་ཇུས་ཁོར་ཡུག་སྲུང་སྐྱོང་ཀུང་སིར《སྒྲིག་འགལ་བྱེད་སྤྱོད་དག་ཐེར་གྱི་བརྡ་ཐོ》བཏང་ནས་རྐང་ཐང་ལམ་ལ་འཕྲལ་དུ་གཙང་སྦྲ་བྱེད་དགོས་པ་དང་འབྲེལ་སླད་ཕྱིན་གད་སྙིགས་འཕྱག་པ་དང་དབོར་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ས་ཁོངས་དེའི་ཁོར་ཡུག་རྒྱུན་མཐུད་གཙང་སྦྲ་དགོས་པའི་བླང་བྱ་བཏོན་པ་རེད། དུས་མཚུངས་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་གྲོང་ཁྱེར་འཆར་འགོད་ཅུས་ལ་བཀྲས་ལྷུན་དགོན་ཐང་ཆེན་གྱི་སྒྱུར་བཀོད་ཐབས་ཇུས་བཟོས་ཏེ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་འཚོང་ཁུལ་ཆེད་མངགས་བཙུགས་ནས་འགྲོ་ལམ་བཟུང་ནས་ཁྲོམ་བཏོན་པའི་སྣང་ཚུལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། །